ཚེས26ཉིན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ཡིས་དབྱི་སི་རལ་དང་དབྱི་ལིང་གིས་དམག་འཁྲུག་མཚམས་བཞག་རྗེས་བརྙན་འཕྲིན་གཏམ་བཤད་ཐེངས་དང་པོ་སྤེལ་ཏེ། དབྱི་ལིང་གིས་མཐུན་སྒྲིལ་གཅིག་གྱུར་བྱས་པ་ལས་དབྱི་སི་རལ་དང་ཨ་རི་ལས་རྒྱལ་བར་རྟེན་འབྲེལ་ཞུས་པ་དང་། དབྱི་ལིང་གིས་ནམ་ཡང་མགོ་འདོགས་མི་སྲིད་པ་ནན་བཤད་བྱས།
ཧ་མེ་ནེ་དབྱི་ཡིས་གཏམ་བཤད་སྤེལ་སྐབས་དབྱི་ལིང་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་བྱས་ནས་དབྱི་སི་རལ་དང་ཨ་རི་ལས་རྒྱལ་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། དེ་མིན་དམག་དཔོན་དང་ཚན་རིག་པ།མི་སེར་སྐོར་ཞིག་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས། ཁོས་དབྱི་ལིང་གི་དམག་དཔུང་དེ་ཕ་རོལ་པོའི་སྔོན་ཐོན་གྱི་འགོག་སྲུང་རིམ་པ་མང་པོ་ལས་བརྒལ་ཏེ་དབྱི་སི་རལ་ལ་རྡུང་རྡེག་བཏང་ནས་རིན་དོད་ཚབས་ཆེན་གཏོང་དུ་བཅུག་ཡོད་ཟེར།
ཧ་མེ་ནེ་དབྱི་ཡིས་ཨ་རིའི་སྲིད་དབང་གིས་ཐད་ཀར་དམག་འཁྲུག་ཅིག་བསླངས་ཀྱང་དམག་འཁྲུག་དེའི་ཁྲོད་ཁོ་ཚོར་གྲུབ་འབྲས་ཅི་ཡང་ཐོབ་མེད།ཨ་རིའི་སྲིད་འཛིན་གྱིས་བྱུང་བའི་དོན་དག་ཞིབ་བརྗོད་བྱེད་སྐབས་སྒྲོ་འདོགས་བྱས་པ་རེད།ཁོས་སྒྲོ་འདོགས་དེ་རིགས་ཀྱིས་གནས་ཚུལ་ངོ་མ་བཀབ་ནས་སྦ་གསང་བྱས་པ་དང་།དབྱི་ལིང་གིས་ཨ་མེ་རི་ཁའི་གདོང་ལ་ཐལ་ལྕག་དྲག་པོ་ཞིག་གཞུས་ཡོད་པ་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད་ཟེར།
དབྱི་ལིང་གིས་ཁ་ཐར་ཁོངས་གཏོགས་ཀྱི་ཨ་རིའི་དམག་དཔུང་ཝུའུ་ཏའེ་ཏི་རྟེན་གཞིར་རྡུང་རྡེག་བཏང་བའི་སྐོར་གླེང་སྐབས།ཧ་མེ་ནེ་དབྱི་ཡིས་དབྱི་ལིང་ས་ཁུལ་དེའི་ཨ་རིའི་རྟེན་གཞིར་འཛུལ་བར་མ་ཟད་འགུལ་སྤྱོད་སྤེལ་བ་ནི་དོན་དག་ཆུང་ཆུང་ཞིག་གཏན་ནས་མིན་པར་དོན་ཆེན་ཞིག་ཡིན་ཞིང་།མ་འོངས་པར་དོན་རྐྱེན་དེ་རིགས་ཡང་བསྐྱར་འབྱུང་སྲིད་ཟེར།
ཧ་མེ་ནེ་དབྱི་ཡིས་བསྟན་དོན།དབྱི་ལིང་དབྱི་སི་ལན་གསར་བརྗེ་མགོ་ཚུགས་པ་ནས་བཟུང་ཨ་རིས་ཁ་གཡར་ས་སྣ་ཚོགས་བཙལ་ནས་དབྱི་ལིང་མགོ་འདོགས་པར་འབད་པ་བྱས། ཡིན་ཀྱང་དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ་དོན་དག་དེ་འདྲ་མ་འོངས་པར་ཡང་གཏན་ནས་འབྱུང་མི་སྲིད། དབྱི་ལིང་རྒྱལ་ཁབ་གཞན་ལ་མགོ་ཨེ་འདོགས་སྙམ་པའི་བསམ་ཚུལ་ཡོད་ཚད་ནི་སྟོང་བསམ་ཁོ་ན་ཡིན་ཞེས་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།