གསར་འགོད་པས་ད་ལྟ་བསྡུ་བཞིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དམག་དོན་གསོ་རིག་ཚོགས་ཆེན་སྐབས་དྲུག་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་དམག་དཔུང་དེ་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ། རྒྱལ་སྤྱིའི་དམག་དོན་གསོ་རིག་བརྗེ་རེས་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་ནས་འཛམ་གླིང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
རྒྱལ་སྤྱིའི་དམག་དོན་གསོ་རིག་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཕིས་ཨར·ནེ་ལིན་ཁི་སི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དམག་དོན་གསོ་རིག་ཚོགས་ཆེན་སྐབས་དྲུག་པས་ཚོགས་འདུར་ཞུགས་མཁན་གྱི་རྒྱལ་ཁབ་དག་ལ་ས་ཁུལ་བར་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཏེ རྒྱལ་ཁབ་སོ་སོས་དམག་དོན་གསོ་རིག་ཁྱབ་ཁོངས་ཀྱི་གནད་དོན་ལ་དམིགས་ནས། རང་འདོད་ངང་གཏམ་བཤད་པ་དང་ལྟ་ཚུལ་འདོན་ཐུབ་པ་བྱས་པས་ཉམས་མྱོང་ཁྱབ་སྤེལ་ལ་སྐུལ་འདེད་བཏང་པ་དང་མཛའ་བརྩེ་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་ཅེས་བཤད།
ཕིས་ཨེར·ནེ་ལིན་ཁི་སི་ཡིས་ས་ཁུལ་གྱི་གདོང་ཐུག་དང་ས་ཁུལ་ཁ་ཤས་ཀྱི་དམག་འཁྲུག་སོགས་སྣ་མང་ཅན་གྱི་བདེ་འཇགས་ཉེན་ཁའི་འགྲན་སློང་འོག ཀྲུང་གོའི་དམག་དཔུང་གིས་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་པ་བརྒྱུད་ནས། རྒྱལ་ཁབ་ཆེན་པོའི་ཤུགས་རྐྱེན་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་འཛམ་གླིང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པར་བསྟན།
རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་དམག་དཔུང་གིས་སྔ་རྗེས་སུ་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་མང་པོ་ཁོང་ཀོ(ཅིན)དང་ལེ་པ་ནོན། སུའུ་ཏན་ལྷོ་མ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་ཏུ་འཕྲོད་བསྟེན་འགན་སྲུང་ལས་འགན་ལག་བསྟར་བྱེད་པར་མངགས་པ་དང་། དེ་དང་མཉམ་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཁྲོད་ཧུར་ཐག་གིས་ཞུགས་པ་ནས་ནེ་པ་ལའི་ས་ཡོམ་དང་འབར་མའི་ས་ཡོམ་སོགས་གནོད་འཚེའི་སྐབས་སུ་གསོ་རིག་རོགས་སྐྱོབ་བྱས་ཡོད་པ་རེད།
གཞན་ཡང་ཀྲུང་གོའི་དམག་དཔུང་གིས་འཕྲོད་བསྟེན་ཞབས་ཞུའི་མཉམ་འབྲེལ་སྦྱོང་བརྡར་དང་སྨན་བཅོས་ཞབས་ཞུའི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ལའོ་ཝུའུ་ཡི་ཞི་བདེའི་མེ་འཁོར་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཞི་བདེའི་ཕོ་ཉ། ཀྲུང་གོ་དང་ཡའོ་ནན་གྱི་ ཞི་བདེའི་རོགས་སྐྱོབ་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཕྲོད་བསྟེན་ཞབས་ཞུའི་མཉམ་འབྲེལ་སྦྱོང་བརྡར་རབ་དང་རིམ་པ་རྩ་འཛུགས་བྱས་པ་དང་། ལྷག་པར་དུ་ཞི་བདེའི་གྲུ་གཟིངས་རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་གིས་འཆམ་མཐུན་འགན་འཁྲིའི་ལས་འགན་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། རིམ་རྩིས་བྱས་ན་རྒྱལ་ཁབ་དང་ས་ཁུལ49ལ་འཚམས་འདྲིར་སོང་ནས་མང་ཚོགས་འབུམ་གསུམ་དང་ཁྲི་བདུན་ལྷག་ཙམ་ལ་ཞབས་འདེགས་ཞུས། དེ་དང་མཉམ་དུ་རྒྱལ་སྤྱིའི་དམག་དོན་གསོ་རིག་བརྗེ་རེས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་དམག་དོན་གསོ་རིག་ཚོགས་ཆེན་སྐབས31པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དམག་དོན་གསོ་རིག་ཚོགས་ཆེན་སོགས་དམག་དོན་གསོ་རིག་ཚོགས་འདུ་རྩ་འཛུགས་བྱས་ཏེ།《སྐྱེ་དངོས་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་ཆེན་དང་ལས་དོན་ཚན་ཆུང་གི་ཚོགས་འདུ་སོགས་ལ་ཧུར་ཐག་གིས་ཞུགས་ཏེ། ཕྱོགས་མང་པོའི་དམག་དོན་གསོ་རིག་སྤེལ་རེས་ལས་སྟེགས་བརྒྱུད་ནས་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་།
ཀྲུང་གོའི་དམག་དཔུང་ནི་ཞི་བདེ་ལ་དགའ་བ་དང་ཞི་བདེ་སྲུང་སྐྱོང་བྱེད་པའི་དམག་དཔུང་ཞིག་ཡིན་པ་དང་།ཀྲུང་གོའི་དམག་དཔུང་གི་འཕྲོད་བསྟེན་ཞབས་ཞུ་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ལག་ལེན་བྱེད་པ་དང་དམག་དོན་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་བརྟན་པོ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱི་ཚོགས་འདུར་ཞུགས་པའི་འཐུས་མིས་ཀྲུང་གོའི་དམག་དཔུང་གི་འཕྲོད་བསྟེན་ཞབས་ཞུའི་སྟོབས་ཤུགས་ཀྱིས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ལག་ལེན་ཧུར་ཐག་བྱས་ཏེ། རྒྱལ་ཁབ་སོ་སོའི་དམག་དཔུང་དང་མཉམ་དུ་འཕྲོད་བསྟེན་ཞབས་ཞུའི་ཉམས་མྱོང་ཐུན་མོང་དཔྱད་གཞིར་འཛིན་པ་དང་། སྐྱོབ་བཅོས་ལག་རྩལ་མཉམ་སྤྱོད་བྱེད་པ། སྨན་རྫས་དང་རིམས་འགོག་སྨན་ཁབ་མཉམ་སྤྱོད་སོགས་ཀྱི་ཐད་སྔར་ལས་དངོས་སྒྲུབ་མཉམ་ལས་བྱས་ནས། དམག་དོན་གསོ་རིག་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་པར་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།