ཁོ་ལོམ་པི་ཡའི་ནུབ་བྱང་རྒྱུད་དུ་རི་ཉིལ་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས16ལ་འཕར།
2025.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས26ཉིན།  ཁོ་ལོམ་པི་ཡའི་ནུབ་བྱང་རྒྱུད་ཀྱི་ཨན་ཏི་ཨའོ་ཅི་ཡ་ཞིང་ཆེན་གྱི་ཧྲིན་ཀྲང་ཨན་ཏེ་ལེ་སི·ཧུའུ་ལི་ཨན་གྱིས་སྨྱན་བྱད་བརྒྱུད་ནས།   ཚེས24ཉིན་ཞིང་ཆེན་དེའི་པེ་ལུའེ་གྲོང་ཁྱེར་དུ་བྱུང་བའི་རི་ཉིལ་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཐོག་མའི་མི8ནས་མི16བར་འཕར་བ་དང་། གཞན་ཡང་མི8གར་སོང་ཆ་མེད་དུ་གྱུར་ཡོད་པས་དབང་འཛིན་ལས་ཁུངས་ཀྱིས་འཚོལ་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ར་སྤྲོད་བྱས།

ས་གནས་དེའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། མུ་མཐུད་དུ་ཆར་ཆུ་བབས་པའི་ཤུགས་རྐྱེན་གྱིས་ཚེས24ཉིན་གྱི་ཐོ་རེངས་དུས་སུ། པེ་ལུའེ་གྲོང་ཁྱེར་དུ་རི་ཉིལ་ནས་ས་འདམ་དང་བྲག་རྡོ་འབོར་ཆེན་ཞིག་གིས་ཁང་པ20ཙམ་ལ་གཏོར་བརླག་བཏང་ཡོད་པ་རེད།

ཚེས26ཉིན། ས་གནས་དེའི་རོགས་སྐྱོབ་སྒྲིག་གཞིས་བཤད་པ་ལྟར་ན། མིག་སྔར་མི་སྣ23སྐྱོབ་ཐུབ་ཡོད་པ་དང་གནོད་འཚེ་ཐེབས་པའི་གྲོང་མི1000ཙམ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་བཀོད་སྒྲིག་བྱས་ཡོད་ཅིང་།   ས་གནས་དེའི་སྲིད་གཞུང་གིས་མཐའ་འཁོར་ས་ཁོངས་ལ་ཁ་འགྲེམས་བཀའ་རྒྱ་བཏང་ཡོད།

ཨན་ཏི་ཨའོ་ཅི་ཡ་ཞིང་ཆེན་ནི་ཁོ་ལོམ་པི་ཡའི་ཨན་ཏི་སི་རི་རྒྱུད་ཀྱི་ནུབ་རྒྱུད་དུ་ཆགས་ཡོད་པ་དང་ཆར་དུས་སུ་རྒྱུན་དུ་རི་ཉིལ་བའི་དོན་རྐྱེན་འབྱུང་བཞིན་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།