ཝུ་ར་ཀུའེ་ལ་རྒྱུན་ལྡན་མིན་པའི་འཁྱག་གྲང་གི་གནམ་གཤིས་བྱུང་།
2025.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས26ཉིན། ཝུ་ར་ཀུའེ་ཡི་འཕྲལ་བསྟུན་སྡེ་ཁག་གིས་མུ་མཐུད་དུ་འཁྱག་གྲང་གི་གནམ་གཤིས་བྱུང་བར་བརྟེན།  རྒྱལ་ཁབ་དེའི་སྲིད་གཞུང་གིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་འཁྱག་གྲང་གི་ཉེན་བརྡ་དམར་པོ་དེ་ཟླ7པའི་ཚེས1ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། སྐབས་དེར་སྲིད་གཞུང་གིས་ཉེན་བརྡའི་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་མིན་ལ་དཔྱད་དཔོག་བྱ་རྒྱུ་ཡིན་ཞེས་བཤད།

སའི་གོ་ལའི་ཕྱེད་ཕྱོགས་ལྷོ་རྒྱུད་དུ་གནས་པའི་ཝུ་ར་ཀུའེ་ལ་གཟའ་འཁོར་འདིར་གྲང་ངར་ཆེ་བའི་གནམ་གཤིས་བྱུང་ནས། ཚེས23ཉིན་གྱི་དྲོད་ཚད་དམའ་ཤོས་དེ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ1བར་ཆག་པས་སྲིད་གཞུང་གིས་མྱུར་དུ་གྲང་ངར་ཆེ་བའི་ཉེན་བརྡ་དམར་པོ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཡོངས་ཁོངས་གཏོགས་ཀྱི་སློབ་གྲྭ་བཅུ་ཕྲག་ཁ་ཤས་དང་ལུས་རྩལ་ཁང་སོགས་སྤྱི་པའི་ཁང་པའི་བར་སྟོང་དག་གནས་སྐབས་སུ་ཉེན་གཡོལ་བྱ་ཡུལ་དུ་བསྡུ་སྤྱོད་བྱས་ཡོད།

ཚེས26ཉིན། ཝུ་ར་ཀུའེ་རྒྱལ་ཁབ་འཕྲལ་བསྟུན་མ་ལག་གི་འགན་འཁུར་པ་ལའེ་ཨན་ཏི་ལའོ.ཕ་ལའོ་མེ་ཁི་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་། གྲང་ངར་ཤིན་ཏུ་ཆེ་བའི་ཉེན་བརྡ་དམར་པོ་ཁྱབ་བསྒྲགས་བྱས་ཚུན་རྒྱལ་ཁབ་དེའི་སྤྱི་ཚོགས་འཕེལ་རྒྱས་པུའུ་དང་ཉེན་རྟོག་ཕྱོགས་ཀྱིས་དཔུང་སྡེ་མང་པོ་མངགས་ནས། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཁྱིམ་མེད་པ་དག་ལ་ཉེན་གཡོལ་བྱ་ཡུལ་བཀོད་སྒྲིག་བྱས་ནས་རོགས་རམ་བྱས་པ་དང་། མི1299སྲིད་གཞུང་གིས་མཁོ་འདོན་བྱས་པའི་གནས་སྐབས་ཉེན་གཡོལ་ཁང་དུ་ཉེན་གཡོལ་བྱས་ཡོད་ཅིང་དེའི་ནང་དུ་མང་ཆེ་བ་ནི་ཁྱིམ་མེད་པའི་མི་རེད།

ཝུ་ར་ཀུའེ་གནམ་གཤིས་ཞིབ་འཇུག་སུའོ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས29ཉིན་རྒྱལ་ཁབ་དེར་འཁྱག་གྲང་གི་གནམ་གཤིས་འབྱུང་རྒྱུ་ཡིན་པ་དང་། སྐབས་དེར་ས་ཁུལ་སྐོར་ཞིག་གི་དྲོད་ཚད་དམའ་ཤོས་དེ་ཧྲེ་ཧྲི་ཏུའུ2ནས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ3བར་མར་ཆག་རྒྱུ་རེད། ཞིབ་འཇུག་སུའོ་དེའི་སྙན་ཞུ་ཞིག་ལས་མངོན་པ་ལྟར་ན།  1971ལོ་ནས2014ལོའི་བར་རྒྱལ་ཁབ་དེའི་དགུན་དུས་ཀྱི་ཆ་སྙོམས་དྲོད་ཚད་དམའ་ཤོས་དེ་ཧྲེ་ཧྲི་ཏུའུ7.3རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།