ཚེས26ཉིན། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བ་དྲུང་ཡིག་ཆེན་མོ་གཞོན་པ་དང་འཕྲལ་བསྟུན་རོགས་སྐྱོབ་མཐུན་སྦྱོར་པའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཐང་མུའུ·ཧྥོ་ལའེ་ཁྲིག་གིས་ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་པེ་ཅི་ཝུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཀོ་མ་རུ། ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་བསྟན།
ཉིན་དེར་ཧྥོ་ལའེ་ཁྲིག་གིས་ཀེ་མ་རུ་ཁོང་ཀོ(ཅིན)སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་M23ལས་འགུལ་དང་དེའི་ཁོངས་གཏོགས་ཆབ་སྲིད་དམག་དོན་མནའ་འབྲེལ། ཁོང་ཀོ་གཙང་པོའི་མནའ་འབྲེལ་གྱི་འགོ་ཁྲིད་པ་དང་ཐུག་འཕྲད་བྱས། ཚོགས་འདུའི་རྗེས་སུ་ཁོས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཕྱོགས་གཉིས་ཀྱིས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དང་མི་སེར་སྲུང་སྐྱོབ་སོགས་ཀྱི་གནད་དོན་ལ་དམིགས་ནས་གྲོས་བསྡུར་བྱས། ཁོས་ཁོང་ཀོའི(ཅིན)ཤར་རྒྱུད་ཀྱི་མི་ཆོས་དགོས་མཁོ་མུ་མཐུད་དུ་ཆེ་རུ་འགྲོ་བཞིན་པ་དང་མ་དངུལ་དཀོན་པའི་གནད་དོན་གྱིས་རོགས་སྐྱོབ་འགུལ་སྐྱོད་དེ་འགྲན་སློང་སྔར་ལས་ཆེན་པོར་འཕྲད་ཡོད་ཟེར།
ཧྥོ་ལའེ་ཁྲིག་གིས་དམག་འཁྲུག་གི་མེ་ལྕེའི་དབང་གིས་མི་ཆོས་སྐྱེལ་འདྲེན་གྱི་དཀའ་ངལ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་གདོང་ཐུག་ཕྱོགས་སོ་སོས་མྱུར་དུ་ཞི་བདེའི་གྲོས་མཐུན་བཞག་ནས་མི་ཆོས་དངོས་ཟོག་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་པ་ཡིན་ཟེར།
ཧྥོ་ལའེ་ཁྲིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་སོ་སོ་དང་མུ་མཐུད་དུ་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། ཡུལ་གྱར་མཁན་དང་གདོང་ཐུག་གི་ཤུགས་རྐྱེན་ཐེབས་པའི་མང་ཚོགས་དེ་ལས་མང་པོ་དཀའ་ངལ་ལས་སྒྲོལ་བར་རོགས་རམ་བྱེད་དགོས་པར་བསྟན།
ཉེ་ལམ་ཁོང་ཀོ(ཅིན)ཤར་རྒྱུད་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་ཕྱིན་པ་དང་M23ལས་འགུལ་གྱིས་པེ་ཅི་ཝུའུ་ཞིང་ཆེན་དང་ནན་ཅི་ཝུའུ་ཞིང་ཆེན་སོགས་སུ་རྒྱུན་ཆད་མེད་པར་ཕར་རྒོལ་བྱས་ནས། གདོང་ཐུག་དེའི་ཁྲོད་མི་སེར་མང་པོར་ཤི་རྨས་བཟོས་པ་དང་མི་མང་པོ་ཞིག་ཡུལ་གྱར་བྱས་ཡོད། པེ་ཅི་ཝུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཀོ་མ་ནི་ད་ལོའི་ཟླ1པའི་ཟླ་མཇུག་ཏུM23ལས་འགུལ་གྱིས་ཚོད་འཛིན་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།