ཕུའུ་ཅིང་གིས་ཨུ་རུ་སུས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་སྐོར་ཐེངས་གསུམ་པའི་གྲོས་མོལ་ལ་གྲ་སྒྲིག་ཡག་པོ་བྱས་ཡོད་ཟེར།
2025.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སུའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།  ཚེས27ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཉེ་སྔོན་ཝུའུ་ཁི་ལན་དང་ཐུར་ཁེའི་དབྱི་སི་ཐན་པུར་དུ་བཞག་པའི་གྲོས་མཐུན་གྱི་ནང་དོན་དོན་འཁྱོལ་བྱས་རྗེས། ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་སྐོར་ཐེངས་གསུམ་པའི་གྲོས་མོལ་བྱ་རྒྱུ་ཡིན་པ་དང་ཨུ་རུ་སུས་དེའི་ཐད་གྲ་སྒྲིག་ཡག་པོ་བྱས་ཡོད་ཅེས་བཤད།

ཕུའུ་ཅིང་ཉིན་དེར་ཨུ་རུ་སུ་དཀར་པོའི་མིན་སི་ཁི་རུ་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས། ཁོས་ཚོགས་འདུའི་རྗེས་སུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གྲོས་མོལ་ཚན་ཆུང་གི་འགན་འཁུར་བས་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་བར་ཁ་པར་གཏོང་གི་ཡོད་ཅེས་བཤད།  སྐོར་ཐེངས་རྗེས་མའི་གྲོས་མོལ་གྱི་བརྗོད་བྱ་གཙོ་བོ་ནི་རྒྱལ་ཁབ་གཉིས་ཀྱི་གདོང་ཐུག་ཐག་གཅོད་བྱེད་པའི་ཇུས་གཞིའི་སྐོར་གྱི་དྲན་ཐོ་འཆར་ཟིན་ལ་གྲོས་བསྡུར་བྱ་རྒྱུ་དེ་རེད།

ཕུའུ་ཅིང་གིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས་བཟུང་དམག་བརྗེ་རེས་བྱས་པར་དོན་སྙིང་གལ་ཆེན་ལྡན་པ་དང་ཕྱོགས་གཉིས་ཀྱིས་གནད་དོན་གྱི་ངོ་བོའི་ཐད་དོན་དངོས་རང་བཞིན་གྱི་གྲོས་བསྡུར་བྱ་རྒྱུར་ཆ་རྐྱེན་བསྐྲུན་ཡོད། ཁོས་ཨུ་རུ་སུས་ཝུའུ་ཁི་ལན་ལ་དམག་མིའི་བེམ་པོ6000རྩིས་སྤྲོད་བྱས་པ་དང་ཝུའུ་ཁི་ལན་གྱི་དམག་མིའི་བེམ་པོ3000ཡང་བསྐྱར་རྩིས་སྤྲོད་བྱ་རྩིས་ཡོད་ཅེས་བཤད།

ཨུ་རུ་སུ་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་འཐུས་མི་ཚོགས་པས་ཟླ་འདིའི་ཚེས2ཉིན་དབྱི་སི་ཐན་པུར་དུ་ཐད་ཀར་སྐོར་ཐེངས་གཉིས་པའི་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཚང་མ་བརྗེ་རྒྱུའི་རྩ་དོན་ལྟར་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་། ནད་ཚབས་ཆེན་ཡོད་པའི་བཟུང་དམག་ཚང་མ་བརྗེ་རེས་བྱ་རྒྱུར་མོས་མཐུན་བྱུང་བར་མ་ཟད། ལོ25མན་གྱི་བཟུང་དམག་དང་དམག་འཁྲུག་སྐབས་ཚེ་ལས་འདས་པའི་དམག་མིའི་བེམ་པོ་གཞི་ཁྱོན་ཆེན་པོས་བརྗེ་རེས་བྱས་པ་རེད། སྐོར་ཐེངས་འདིའི་གྲོས་མོལ་ཁྲོད་གྲོས་ཐག་བཅད་པའི་བཟུང་དམག་བརྗེ་རེས་གྲོས་མཐུན་གཞིར་བཟུང་ནས། ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས་ཉུང་མཐར་ཡང་དམག་འཁྲུག་ཁྲོད་ཀྱི་བཟུང་དམག1000སོ་སོར་བརྗེ་རེས་བྱ་རྒྱུར་མོས་མཐུན་བྱུང་བ་དང་། ཨུ་རུ་སུས་ཝུའུ་ཁི་ལན་ཕྱོགས་ལ་ཝུའུ་ཁི་ལན་གྱི་དམག་དཔུང་གི་མི་སྣ6000གི་བེམ་པོ་རྩིས་སྤྲོད་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།