ཚེས28ཉིན།དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་ཡིས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་གཏམ་བརྗོད་ཀྱིས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ལ་བརྩི་འཇོག་མ་བྱས་པ་དེ་དང་ལེན་བྱེད་མི་ཐུབ་ཅེས་རྒོལ་གཏམ་བཏང་།ཉེ་སྔོན་ཐི་ལིང་ཕུའུ་ཡིས་ཁོས་སྔོན་ཆད་ཧ་མེ་ནེ་དབྱིའི་སྲོག་སྐྱོབ་མྱོང་ཡོད་ཅེས་བཤད་པ་རེད། ཨ་ལ་ཀེ་ཆི་ཡིས་ཚེས28ཉིན་གྱི་ཐོ་རེངས་དུས་སུ།སྤྱི་ཚོགས་འབྲེལ་བའི་སྨྱན་བྱདXསྟེང་སྦྱར་ཡིག་སྤེལ་ནས།གལ་ཏེ་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དངོས་གནས་གྲོས་མཐུན་འཇོག་འདོད་ན།དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ལ་བརྩི་འཇོག་མི་བྱེད་པའི་རྣམ་འགྱུར་དེ་དང་དང་ལེན་བྱེད་དཀའ་བའི་སྐད་ཆ་དོར་དགོས་ཞེས་བཤད།
ཨ་ལ་ཀེ་ཆིའི་གོང་གསལ་གྱི་རྣམ་འགྱུར་དེ་ནི་ཐི་ལིང་ཕུའུ་ཡིས་ཉེ་སྔོན་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་སྦྱར་ཡིག་སྤེལ་བ་དེར་དམིགས་པ་ཞིག་རེད། ཐི་ལིང་ཕུའུ་ཡིས་བཤད་རྒྱུར།ཁོས་ཧ་མེ་ནེ་དབྱིའི་གབ་ཡུལ་ངོ་མ་དེ་ཤེས་མོད།འོན་ཀྱང་དབྱི་སི་རལ་དང་ཨ་རིའི་དྲག་ཆས་དམག་དཔུང་ལ་ཁོའི་ཚེ་སྲོག་མཇུག་བསྒྲིལ་དུ་འཇུག་མི་སྲིད་ཅེས་བཤད།
ཐི་ལིང་ཕུའུ་ཡིས་ད་དུང་ཁོས་དབྱི་སི་རལ་དང་དབྱི་ལིང་གི་དམག་འཁྲུག་མཚམས་འཇོག་པའི་ནུས་པ་མ་ཐོན་གོང་།དབྱི་སི་རལ་ལ་མཁའ་རྒོལ་གྱི་དམག་འཐབ་གནམ་གྲུ་ཕྱིར་འཐེན་བྱེད་དུ་བཅུག་ནས་ཧ་མེ་ནེ་དབྱི་འཆི་ལམ་ནས་བསྐྱབས་པ་ཡིན་ཞེས་བཤད། ཁོས་ད་དུང་ཉེ་བའི་ཉིན་འགའི་རིང་དབྱི་ལིང་གི་བཀག་སྡོམ་མེད་པར་བཟོ་རྒྱུའི་ཐད་བརྩོན་ལེན་བྱེད་བཞིན་ཡོད་ཟེར།
ཟླ་འདིའི་ཚེས13ཉིན་གྱི་ཐོ་རེངས་དུས་སུ།དབྱི་སི་རལ་གྱིས་དབྱི་ལིང་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་རྗེས།དབྱི་སི་རལ་དང་དབྱི་ལིང་གིས་ཕན་ཚུན་ལ་འཇབ་རྒོལ་ཐེངས་མང་བྱས་པ་རེད། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས21ཉིན།ཨ་རིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་གསུམ་ལ་མཁའ་འཇབ་རྒོལ་བྱས་པ་དང་།དབྱི་ལིང་གིས་དེར་འཁོན་ལན་སློག་ནས་ཚེས23ཉིན་ཁ་ཐར་དུ་སྡོད་པའི་ཨ་རིའི་ཝུའུ་ཏའེ་ཏི་མཁའ་དམག་རྟེན་གཞིར་འཕུར་མདེལ་གྱིས་འཇབ་རྒོལ་བྱས།ཚེས24ཉིན་ཨ་རི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་དུས་ཚོད་རེའུ་མིག་གཞིར་བཟུང་ནས་དབྱི་སི་རལ་དང་དབྱི་ལིང་གི་དམག་འཁྲུག་མཚམས་འཇོག་རྒྱུ་ནུས་ལྡན་གྱུར།
ཚེས27ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱདXབརྒྱུད་ནས་བཤད་རྒྱུར།ཁོས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་ལ་དབྱི་ལིང་ལ་དམིགས་པའི་བྱ་སྤྱོད་འཆར་གཞི་བཟོ་དགོས་པའི་མཛུབ་སྟོན་བྱས་ཏེ།དབྱི་སི་རལ་གྱི་མཁའ་དབྱིངས་ཀྱི་དགེ་མཚན་ལ་འགན་སྲུང་བྱས་ནས་དབྱི་ལིང་གི་ཉིང་རྡུལ་འཆར་གཞི་དང་འཕུར་མདེལ་འཆར་གཞི་འཕེལ་རྒྱས་སུ་འགྲོ་བར་བཀག་འགོག་བྱས་པར་མ་ཟད།དབྱི་ལིང་གི་དགྲར་འཛིན་བྱ་སྤྱོད་གང་རུང་ལ་ཕར་རྒོལ་བྱས་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།