ཚེས28ཉིན། ཕ་ཁི་སི་ཐན་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། ཕ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་ཞིག་ལ་རྒྱལ་ཁབ་དེའི་ནུབ་བྱང་རྒྱུད་ཀྱི་ཁའེ་པོར-ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཝ་ཅི་ལི་སི་ཐན་བྱང་མའི་ས་ཁུལ་གྱི་ཁྲོམ་ར་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་དམག་མི13རྐྱེན་ལམ་དུ་ཤོར་བ་དང་དམག་མི29ལ་རྨས་ཕོག་ཡོད་ཟེར།
མིང་བཤད་མི་འདོད་པའི་ཕ་ཁི་སི་ཐན་དམག་ཕྱོགས་ཀྱི་དཔོན་རིགས་ཤིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་ཕ་ཁི་སི་ཐན་བདེ་འཇགས་དམག་དཔུང་དེས་ཉིན་དེར་བཀའ་ལྟར་ཝ་ཅི་ལི་སི་ཐན་བྱང་མའི་ས་ཁུལ་གྱི་སྨི་ཨེར་ཨ་ལི་ཁུལ་གྱི་ཁྲོམ་ར་ཞིག་ཏུ་འབར་མདེལ་བཤིག་པའི་ལས་འགན་སྒྲུབ་སྐབས།དྲག་ཆས་པ་སྐོར་ཞིག་གིས་རང་སྲོག་གཅོད་པའི་རླངས་འཁོར་འབར་མདེལ་སྤྱད་དེ་བདེ་འཇགས་དམག་དཔུང་གི་རླངས་འཁོར་ལ་རྡུང་རྡེག་བྱས་པ་དང་།དེའི་རྗེས་སུ་བདེ་འཇགས་དམག་དཔུང་དང་མི་ཚོགས་ལ་མེ་མདས་བརྒྱབ་པས་ཉུང་མཐར་ཡང་དམག་མི13རྐྱེན་ལམ་དུ་ཤོར་བ་དང་དམག་མི10དང་མི་སེར19ལ་རྨས་ཕོག་ཡོད། རྨས་མ་སྐོར་ཞིག་ཉེན་ཁ་ཆེན་པོར་འཕྲད་ཡོད། མིག་སྔར་རོགས་སྐྱོར་བྱེད་མཁན་ཕ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་ཡུལ་དངོས་བཀག་སྡོམ་བྱས་ཡོད་པར་མ་ཟད།ས་ཁུལ་དེར་འཚོལ་འཛིན་གཙང་བཅོམ་གྱི་འགུལ་སྐྱོད་སྤེལ་བཞིན་ཡོད། དཔོན་རིགས་དེས་འཇབ་རྒོལ་བྱས་པའི་དྲག་ཆས་མི་སྣའི་ཤི་རྨས་ཀྱི་གྲངས་ཀ་ཕྱིར་བསྒྲགས་བྱས་མེད།
འཇིགས་སྐུལ་རྩ་འཛུགས་ཕ་ཁི་སི་ཐན་ཐ་ལི་པན་གྱི་ཁོངས་གཏོགས་ཡན་ལག་རྩ་འཛུགས་ཤིག་གིས་ཐེངས་འདིའི་འཇབ་རྒོལ་བཟོས་པ་ཁྱབ་བསྒྲགས་བྱས་འདུག
ཝ་ཅི་ལི་སི་ཐན་བྱང་རྒྱུད་ས་ཁུལ་དང་ཨ་ཧྥུའུ་ཧན་གྱི་ས་མཚམས་སུ། ཕ་ཁི་སི་ཐན་ཐ་ལི་པན་སོགས་འཇིགས་སྐུལ་རྩ་འཛུགས་ལོ་རེ་བཞིན་གནས་དེར་འགུལ་སྐྱོད་བྱེད་བཞིན་ཡོད། ས་ཁུལ་དེ་ཡང་ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་སའི་ས་ཁོངས་གཙོ་བོ་ཞིག་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།