ས་གནས་དེའི་དུས་ཚོད་ཚེས27ཉིན།ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)བར་གཟའ་འཁོར་རྗེས་མར་སྔ་མོ་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་འཇོག་སྲིད་པར་ཡིད་ཆེས་ཡོད་ཅེས་བཤད།
གསར་འགོད་པས་དབྱི་སི་རལ་དང་ཧ་མ་སིའི་བར་གྱི་དམག་འཁྲུག་མཚམས་འཇོག་པར་ད་དུང་དུས་ཡུན་ག་ཚོད་ཡོད་ཅེས་འདྲི་སྐབས། ཐི་ལིང་ཕུའུ་ཡིས་ངས་བལྟས་ན་ཅང་འགོར་རྒྱུ་མ་རེད།ངས་ད་ལྟ་ཡང་བསྐྱར་འབྲེལ་ཡོད་མི་སྣ་སྐོར་ཞིག་ལ་ཁ་པར་བཏང་མ་ཐག་ཡིན།ང་ཚོས་གཟའ་འཁོར་རྗེས་མར་དམག་འཁྲུག་མཚམས་འཇོག་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།
འདུམ་སྒྲིག་ཕྱོགས་ཡིན་པའི་ཁ་ཐར་ཕྱོགས་ཀྱིས་དབྱི་སི་རལ་དང་ཧ་མ་སིར་འབྲེལ་གཏུག་བྱས་ནས་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་པར་བཤད།
ཚེས27ཉིན་ཁ་ཐར་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མ་ཅི་ཏི·ཨན་ས་ལི་ཡིས་ཧྥ་རན་སིའི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས།དབྱི་སི་རལ་དང་དབྱི་ལིང་བར་གྱི་དམག་འཁྲུག་མཚམས་འཇོག་པའི་རྒྱབ་ལྗོངས་འོགབར་འདུམ་པས་དབྱི་སི་རལ་དང་ཧ་མ་སི་ཕྱོགས་གཉིས་དང་འབྲེལ་གཏུག་བྱས་ཏེ།ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད།
ཨན་ས་ལི་ཡིས་བཤད་རྒྱུར།གལ་ཏེ་ང་ཚོས་གོ་སྐབས་དང་རྣམ་པ་དེ་འདྲ་མ་སྤྱད་ན།སྔོན་ཆད་དང་འདྲ་བར་གོ་སྐབས་ཤོར་སྲིད།ང་ཚོར་གནས་ཚུལ་དེ་རིགས་ཡང་བསྐྱར་འབྱུང་འདོད་མེད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།