དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་དབྱི་སི་ལན་རྒྱལ་ཁབ་ཀྱི་དྲག་ཆས་པ3བསད།
2025.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས29ཉིན་དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་ཅུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་ཉིན་དེར་དབྱི་རག་བྱང་རྒྱུད་ཀྱི་ཅེ་ཨར་ཁུའུ་ཁི་ཞིང་ཆེན་གྱི་རི་ཁུལ་དུ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱི་དྲག་ཆས་པ3བསད་པ་རེད།

གསལ་བསྒྲགས་ལས་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དཔུང་སྡེའི་ཡང་དག་པའི་གསང་འཕྲིན་གཞིར་བཟུང་ནས་འགུལ་སྐྱོད་སྤེལ་བ་དང་།  བསད་པའི་མི3ཁྲོད་ཀྱི་མི2ནི་དབྱི་སི་ལན་རྒྱལ་ཁབ་ས་གནས་དེའི་ཡན་ལག་གི་བཀོད་འདོམས་དཔོན་ཞིག་རེད།

མིང་བཤད་མི་འདོད་པའི་ཅེ་ཨར་ཁུའུ་ཁི་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མེ་མདའ་བརྒྱབ་ནས་བསད་པའི་འཇིགས་སྐུལ་པ3ནི་དབྱི་རག་གི་རྒྱལ་ཁོངས་ཡིན་པ་དང་། དེ་སྔ་ཅེ་ཨར་ཁུའུ་ཁི་ཞིང་ཆེན་གྱི་གྲོང་འདབས་དང་ས་ལ་ཧོ་ཏིང་ཞིང་ཆེན་དུ་དབྱི་རག་དམག་ཕྱོགས་ལ་དམིགས་པའི་འཇབ་རྒོལ་མང་པོ་ཇུས་འགོད་བྱས་ཡོད་ཅེས་བཤད།  དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྡེ་ཁག་གིས་འགུལ་སྐྱོད་སྤེལ་བའི་རིང་ད་དུང་མཚོན་ཆ་དང་སྒྲིག་ཆས། འཕྲིན་གཏོང་སྒྲིག་ཆས། རྒྱབ་ཕྱོགས་མཁོ་སྒྲུབ་དངོས་པོ་བཅས་ཁག་ཅིག་འཛིན་བཟུང་བྱས་པ་རེད།

དབྱི་རག་སྲིད་གཞུང་གིས2017ལོའི་ཟླ12པར་དབྱི་སི་ལན་རྒྱལ་ཁབ་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་པ་རེད། དེའི་རྗེས་སུ་དབྱི་སི་ལན་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལྷག་མ་གཙོ་བོ་དབྱི་རག་གི་ཐག་རིང་གྲོང་གསེབ་ས་ཁུལ་དུ་རྒྱང་སྐྱོད་བྱས་ནས་དུས་རྒྱུན་དུ་འཇབ་རྒོལ་བྱེད་ཀྱི་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།