ཧྥ་རན་སེའི་སྲིད་འཛིན་གྱིས་དབྱི་སི་རལ་དང་དབྱི་ལིང་གི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.06.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས29ཉིན།ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་གིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།ཁོས་ཉིན་དེར་དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་ལ་ཁ་པར་བཏང་ནས་དབྱི་སི་རལ་དང་དབྱི་ལིང་བར་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་པར་མ་ཟད། དབྱི་ལིང་གིས་ཡང་བསྐྱར་གྲོས་མོལ་བྱེད་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

མ་ཁི་ལུང་གིས་བསྟན་དོན།ཁོས་དབྱི་ལིང་ཕྱོགས་ལ་དམག་འཁྲུག་མཚམས་འཇོག་པར་བརྩི་སྲུང་བྱས་ནས།དབུས་ཤར་ས་ཁུལ་གྱི་ཞི་བདེ་སླར་གསོ་བྱ་རྒྱུར་རོགས་རམ་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ཡང་བསྐྱར་གྲོས་མོལ་བྱེད་པ། མདེལ་ལམ་འཕུར་མདེལ་དང་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པ། 《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་བྱེད་པའི་ཆིངས་ཡིག》གི་སྒྲོམ་གཞི་ལ་བརྩི་སྲུང་བྱེད་པ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་དབྱི་རན་ལིང་གི་ལས་དོན་མྱུར་དུ་སླར་གསོ་བྱེད་པ་སོགས་ཀྱི་ཐད་ནས་འབོད་སྐུལ་རབ་དང་རིམ་པ་བཏོན།

ཚེས25ཉིན་མ་ཁི་ལུང་གིས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ཁ་པར་བཏང་སྟེ།ཕྱོགས་སོ་སོས་དབྱི་སི་རལ་དང་དབྱི་ལིང་གི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་བརྩི་སྲུང་བྱེད་པ་དང་།དབྱི་ལིང་གི་ཉིང་རྡུལ་གནད་དོན་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། མཱ་ཁི་ལུང་གིས་ད་དུང་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་བཞག་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་ཐབས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ་འདིའི་ཚེས13ཉིན་གྱི་ཐོ་རེངས་དུས་སུ། དབྱི་སི་རལ་གྱིས་དབྱི་ལིང་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་རྗེས།དབྱི་སི་རལ་དང་དབྱི་ལིང་གིས་ཕན་ཚུན་བར་ཐེངས་མང་པོར་འཇབ་རྒོལ་བྱས་པ་རེད། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས21ཉིན་ཨ་རི་ཕྱོགས་ཀྱིས་དབྱི་ལིང་ལ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་འགན་སྲུང་ལྟ་སྐུལ་དང་ལེན་བྱེད་པའི་ཉིང་རྡུལ་སྒྲིག་ཆས་གསུམ་ལ་མཁའ་རྒོལ་བྱས། དབྱི་ལིང་གིས་རྒོལ་ལན་སྤྲད་ནས་ཚེས23ཉིན་ཁ་ཐར་དུ་སྡོད་པའི་ཨ་རིའི་ཝུའུ་ཏའེ་ཏེ་མཁའ་དམག་རྟེན་གཞིར་འཕུར་མདེལ་གྱིས་འཇབ་རྒོལ་བྱས།

ཚེས24ཉིན་ཨ་རི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་དུས་ཚོད་རེའུ་མིག་གཞིར་བཟུང་ནས་དབྱི་སི་རལ་དང་དབྱི་ལིང་གིས་དམག་འཁྲུག་མཚམས་བཞག ཚེས25ཉིན་དབྱི་ལིང་གྲོས་ཁང་གིས་ཁྲིམས་གཞིར་གྲོས་འཆམ་བྱས་ནས་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་མཉམ་ལས་གནས་སྐབས་མཚམས་བཞག་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།