སུའུ་ཏན་གྱི་གསེར་གཏེར་ཞིག་གི་ཆ་ཤས་བརྡིབས་ནས་མི11རྐྱེན་ལམ་དུ་ཤོར།
2025.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཚེས29ཉིན།སུའུ་ཏན་གཏེར་རྫས་ཐོན་ཁུངས་ཀུང་སིས་གསལ་བསྒྲགས་སྤེལ་ནས་རྒྱལ་ཁབ་དེའི་བྱང་ཤར་རྒྱུད་དུ་སྲོལ་རྒྱུན་གྱི་ལག་ཤེས་བྱེད་སྟངས་སྤྱད་ནས་སྔོག་འདོན་བྱས་པའི་གསེར་གཏེར་ཞིག་བརྡིབས་ནས་མི11རྐྱེན་ལམ་དུ་ཤོར་ཟེར།

གསལ་བསྒྲགས་ལས་གསེར་གཏེར་བརྡིབས་པའི་དོན་རྐྱེན་དེ་ཧུའུ་དབྱི་ཏེ་བྱེ་ཐང་ས་ཁུལ་གྱི་ཁི་ཧྲི་ཧྥེ་ཨར་གཏེར་རའི་སྲོལ་རྒྱུན་གཏེར་ཁྲོན་ཞིག་ཏུ་བྱུང་བ་རེད། ས་ཁུལ་དེ་ནི་སུའུ་ཏན་ཤར་རྒྱུད་ཧུང་ཧའེ་མངའ་སྡེའི་ཧ་ཡ་གྲོང་ཁྱེར་དང་བྱང་རྒྱུད་ཉི་ལུའོ་མངའ་སྡེའི་ཨ་ཐེ་པ་ལ་གྲོང་ཁྱེར་བར་དུ་ཡོད། གསལ་བསྒྲགས་ལས་དོན་རྐྱེན་བྱུང་བའི་དུས་ཚོད་གླེང་མེད།

སུའུ་ཏན་གཏེར་རྫས་ཐོན་ཁུངས་ཀུང་སིས་གསལ་བསྒྲགས་ལས་བཤད་རྒྱུར། བརྟག་དཔྱད་རགས་ཙམ་བྱས་པ་ལྟར་ན།ལས་འཛོལ་དེའི་ནང་གཏེར་འདོན་བཟོ་པ11རྐྱེན་ལམ་དུ་ཤོར་བ་དང་གཏེར་འདོན་བཟོ་པ7ལ་རྨས་ཕོག་པ་དང་རྨས་མ་རྣམས་ཉི་ལུའོ་མངའ་སྡེའི་ཨ་པུའུ་ཧ་མ་ཏེ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། བདེ་འཇགས་ཀྱི་རྒྱུ་རྐྱེན་དབང་གིས་ཁི་ཧྲི་ཧྥེ་ཨར་གཏེར་ར་ཉེ་ལམ་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་ཅེས་འཁོད་ཡོད། སུའུ་ཏན་གཏེར་རྫས་ཐོན་ཁུངས་ཀུང་སིས་ད་དུང་སུའུ་ཏན་གྱི་སྲོལ་རྒྱུན་གཏེར་འདོན་ལས་རིགས་ཀྱི་ད་ལྟའི་གནས་ཚུལ་ལ་དོ་ཁུར་བྱས་ནས། ཐོན་སྐྱེད་བྱ་ཡུལ་གྱི་ལས་རིགས་བདེ་འཇགས་ཚད་གཞི་མཐོ་རུ་གཏང་གང་ཐུབ་བྱ་རྒྱུ་དང་། གཏེར་འདོན་ལས་གཉེར་མི་སྣས་བདེ་འཇགས་ཚད་གཞི་དང་མཛུབ་སྟོན་ལ་བརྩི་སྲུང་ནན་མོ་བྱེད་དགོས་པའི་འབོད་སྐུལ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད། སུའུ་ཏན་གྱི་གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་གསེར་ཐོན་སྐྱེད་དང་ཕྱིར་གཏོང་བྱེད་པ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁྲོད་ཀྱི་ཨང་དང་པོ་ཟིན་ཡོད་པར་མ་ཟད། དེ་ནི་ཕྱི་དངུལ་གྱི་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཀྱང་ཡིན། འོན་ཀྱང་སུའུ་ཏན་གྱི་གསེར་ཐོན་སྐྱེད་དེ་སྲོལ་རྒྱུན་གྱི་སྔོག་འདོན་བྱེད་སྟངས་ལ་བརྟེན་པ་དང་། སྲོལ་རྒྱུན་གྱི་གཏེར་འདོན་ས་ཆ་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་མངའ་སྡེ་མང་པོ་ཞིག་ཏུ་ཁྱབ་ཡོད། གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། 2024ལོར་སུའུ་ཏན་གྱི་གསེར་གྱི་ཐོན་ཚད་ཏུན64ཙམ་ཡོད་པའི་ནང་དུ་བཅུ་ཆའི་བརྒྱད་ཙམ་གཏེར་འདོན་པས་ལག་པས་སྔོག་འདོན་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།