ཚེས29ཉིན་ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་དམག་དཔུང་གིས་ཕ་ལེ་སི་ཐན་ཅ་ཧྲའི་ས་ཁུལ་མང་པོར་འབར་མདེལ་འཕངས་ནས་ཉུང་མཐར་ཡང་ཕ་ལེ་སི་ཐན་པ21རྐྱེན་ལམ་དུ་ཤོར་ཡོད་པ་རེད།
གནས་ཚུལ་སྤེལ་བ་ལྟར་ན།དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ཅེ་པ་ལི་ཡེ་ས་ཁུལ་གྱི་ཁང་པ་ཞིག་དང་ཁྲོམ་གཞུང་ཞིག་ལ་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི20རྐྱེན་ལམ་དུ་ཤོར་བ་རེད། དབྱི་སི་རལ་གྱི་དམག་གིས་ད་དུང་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ཧན་ཡིའུ་ཉི་སི་གྲོང་ཁྱེར་ལ་འབར་མདེལ་འཕངས་ནས་མི1རྐྱེན་ལམ་དུ་ཤོར་བ་རེད།
དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་གོང་གསལ་གྱི་གནས་ཚུལ་སྤེལ་བར་ད་དུང་ལན་ཅི་ཡང་བཏབ་མེད། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅ་ཧྲ་གྲོང་ཁྱེར་གྱི་ས་ཁུལ་མང་ཆེ་བ་དང་ཅེ་པ་ལི་ཡེ་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་མང་ཚོགས་ལ་ཁ་འགྲེམས་བརྡ་ཐོ་བཏང་ཡོད།
ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས29ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟ་ན།ཟླ3པའི་ཚེས18ཉིན་དབྱི་སི་རལ་གྱིས་དམག་དོན་བྱ་སྤྱོད་སླར་གསོ་བྱས་པ་ནས་བཟུང་ཅ་ཧྲ་ས་ཁུལ་དུ་ཉུང་མཐར་ཡང་མི6175རྐྱེན་ལམ་དུ་ཤོར་བ་དང་མི21378ལ་རྨས་ཕོག་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།