ཚེས29ཉིན།ཕ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་སྤེལ་བའི་གསལ་བསྒྲགས་ལས།ཟླ་འདིའི་ཚེས26ཉིན་ཆར་དུས་སུ་སླེབས་པ་ནས་བཟུང་།དྲག་ཆར་གྱི་དབང་གིས་ཕ་ཁི་སི་ཐན་གྱི་རྒྱལ་ཡོངས་སུ་རྐྱེན་ལམ་དུ་ཤོར་བའི་མི་གྲང45དང་རྨས་ཕོག་པའི་མི་གྲངས68བར་འཕར་ཡོད་ཟེར།
གསལ་བསྒྲགས་ལས་མི་མང་ཆེ་བ་ཤི་རྨས་བྱུང་བའི་རྒྱུ་མཚན་ནི།ཆུ་ལོག་གིས་ཁང་པ་དང་ཟམ་པ་བརྡིབས་པ་ལས་བྱུང་བ་རེད། གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན།དྲག་ཆར་གྱིས་ཕ་ཁི་སི་ཐན་མངའ་ཁོངས་ཀྱི་ཁང་པ89ལ་གཏོར་བརླག་ཐེབས་པ་དང་ཕྱུགས་རིགས55ཤི་ཡོད།གསལ་བསྒྲགས་ལས་རོགས་སྐྱོབ་འགུལ་སྐྱོད་ཁྲོད་མི135སྐྱོབ་པའི་ནང་གནོད་འཚེ་ཐེབས་པའི་ས་ཁུལ་དུ་ཆུ་ལོག་ཐོན་པའི་དབང་གིས་དཀའ་ངལ་ལ་འཕྲད་པའི་མི་སྣ་འདུས་ཡོད་ཅེས་འཁོད་ཡོད། རོགས་སྐྱོབ་རུ་ཁག་དང་ས་གནས་དེའི་དང་བླངས་པས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་སྦྲ་གུར་དང་བལ་གདན།བཟའ་བཅའ་སོགས་དངོས་པོ་བགོ་བཞིན་ཡོད་པ་རེད།
ཕ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་ཉིན་དེར་གནམ་གཤིས་ངན་པའི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་དང་།སྔོན་དཔག་བྱས་ན་མ་འོངས་པའི་དུས་ཚོད12ནས24རིང་ལ་ཆར་ཆུའི་གནམ་གཤིས་ཀྱིས་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་སྔར་བཞིན་ཤུགས་རྐྱེན་ཐེབས་རྒྱུ་རེད། ཞིང་ཆེན་རིམ་པའི་གནོད་འཚེའི་དོ་དམ་སྡེ་ཁག་དང་ས་ཁུལ་གྱི་སྲིད་འཛིན་སྡེ་ཁག་སོ་སོས་སྔོན་འགོག་བྱེད་ཐབས་སྤྱོད་པ་དང་འཕྲལ་སྡོམ་འཆར་གཞི་ལག་བསྟར་བྱས་ནས་གྱོང་གུན་ཉུང་ཇེ་དུ་གཏོང་གང་ཐུབ་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།