ཚེས30ཉིན། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ཀན་ཧྲི་ཀེ་ལུའོ་ཞི་ལ་ཁ་པར་བཏང་སྟེ། དབྱི་ལིང་གི་ཉིང་རྡུལ་གནད་དོན་གྱི་ཕྱི་འབྲེལ་ཐག་གཅོད་ཇུས་གཞི་དང་གྲོས་མོལ་ཡང་བསྐྱར་མགོ་རྩོམ་པའི་དོན་དག་ལ་གྲོས་བསྡུར་བྱས་ཏེ། ཨེ་ཅིབ་ཀྱིས་སྒྲིག་གཞི་འདིས《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་བྱེད་པའི་ཆིངས་ཡིག》ཞིབ་བཤེར་སྒྲོམ་གཞིའི་འོག་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།
ཉིན་དེར་ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཨེ་ཅིབ་གྱིས《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་བྱེད་པའི་ཆིངས་ཡིག》ལ་ཡིད་ཆེས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། དེ་འཛམ་གླིང་གི་ཁྱབ་འགྱེད་འགོག་པའི་མ་ལག་གི་རྨང་རྡོ་ཞིག་ཏུ་བརྩིས་ནས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་དང་མུ་མཐུད་དུ་མཐུན་སྦྱོར་དང་མཉམ་ལས་བྱེད་པར་རེ་སྒུག་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
ཁོས་ད་དུང་དབྱི་སི་རལ་དང་དབྱི་ལིང་གི་དམག་འཁྲུག་མཚམས་འཇོག་པའི་གལ་ཆེན་རང་བཞིན་སྲ་བརྟན་དུ་གཏོང་རྒྱུ་ནན་བཤད་བྱས་པ་དང་། ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་རྒྱུར་སྔོན་ལ་བསམ་བློ་བཏང་སྟེ། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད།
ཀི་ལུའོ་ཞིས་ཀྱིས་ཨེ་ཅིབ་ཀྱིས་ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་དམག་འཁྲུག་མཚམས་འཇོག་པ་སྲ་བརྟན་དུ་གཏོང་ཆེད་འབད་བརྩོན་བྱས་པ་དེས་འབྲེལ་ཡོད་ཕྱོགས་ཀྱིས་གྲོས་མོལ་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།
ཨེ་ཅིབ་ཕྱི་འབྲེལ་པུའུ་ཡི་གསལ་བསྒྲགས་གཞན་ཞིག་གི་ནང་དུ། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཉིན་དེའི་སྔ་མོར་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་ལ་ཁ་པར་བཏང་སྟེ། དབྱི་ལིང་གི་ཉིང་རྡུལ་གནད་དོན་སྐོར་གྱི་གྲོས་མོལ་མྱུར་དུ་སླར་གསོ་བྱེད་དགོས་ཞེས་ནན་བཤད་བྱས་པ་དང་། དེ་ནི་ཕན་ཚུན་བར་ཡིད་ཆེས་བྱེད་པ་དང་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།