ཐི་ལིང་ཕུའུ་ཡིས་ཡང་བསྐྱར་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།
2025.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ་ཨ་རིའི་སྲིད་འཛིན་ཐང་ན་ཏི.ཐི་ལིང་ཕུའུ་ཡིས་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པར་གྲོས་མཐུན་འབྱུང་རྒྱུའི་སྐོར་ནས་སྐད་ཆ་ཐེངས་མང་བཤད།ཐོག་མར་གྲོས་མཐུན་དེ་གཟའ་འཁོར་གཅིག་གི་ནང་དུ་འཇོག་སྲིད་པར་བསྟན་པ་དང་།རྗེས་སུ་ཟླ6པའི་ཚེས29ཉིན་ཡང་བསྐྱར་དམག་འཁྲུག་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཉིན་དེར་ཐི་ལིང་ཕུའུ་ཡིས་སྨྱན་བྱད་སྟེགས་བུའི་སྟེང་དབྱིན་ཡིག་གིས་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་ནས་མི་གཏའ་ཕྱིར་སྤྲོད་བྱ་དགོས་ཞེས་བྲིས་ཡོད།

ཚེས27ཉིན།ཐི་ལིང་ཕུའུ་ཡིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གཟའ་འཁོར་གཅིག་ནང་འཇོག་སྲིད་ཅེས་བཤད་པ་རེད། ཚེས28ཉིན་ཁོས་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དང་གྲོས་མོལ་བྱེད་བཞིན་ཡོད་མོད།འོན་ཀྱང་དབྱི་སི་རལ་དང་ཧ་མ་སི་ཕྱོགས་གཉིས་ཀྱིས་དེའི་ཐད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་མེད་ཅེས་བཤད།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།དབྱི་སི་རལ་གྱི་སྲིད་འཛིན་པིན་ཡ་མིན·ནེ་ཐ་ཉི་ཡ་ཧུའུ་ཡི་མཐོ་རིམ་བློ་འདྲི་བ་དང་འཐབ་ཇུས་ལས་དོན་པུའུ་ཀྲང་ལུའོ་ཨན·ཏི་ཨར་མོ་ཉེ་ལམ་ཕོ་བྲང་དཀར་པོར་སོང་སྟེ།དབྱི་ལིང་དང་ཅ་ཧྲའི་གནས་བབ་སོགས་ཀྱི་དོན་དག་ཐད་ནས་ཨ་རི་དང་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་ནེ་ཐ་ཉི་ཡ་ཧུའུ་ཡིས་གཟའ་འཁོར་འགའི་ནང་ཨ་རིར་འཚམས་འདྲི་བྱེད་སྲིད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

ཚེས29ཉིན།ལུའུ་ཐིའུ་གསར་འགྱུར་ཁང་གིས་ཧ་མ་སིའི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན།ཧ་མ་སིས་དམག་འཁྲུག་མཚམས་འཇོག་མཁན་འདུམ་སྒྲིག་ཕྱོགས་ལ་གྲོས་མོལ་སླར་གསོ་བྱེད་འདོད་ཡོད་པའི་བརྡ་ཐོ་བཏང་ཡོད་མོད།འོན་ཀྱང་གྲོས་མཐུན་གང་ཞིག་ཡིན་རུང་ངེས་པར་དུ་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་དང་།གདོང་ཐུག་དེ་རྩ་བ་ནས་མཇུག་བསྒྲིལ་དགོས་པ་བསྐྱར་བསྒྲགས་བྱས།

ཚེས29ཉིན།ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་གྱི་བདེ་འཇགས་དཔོན་རིགས་ལ་སྐད་ཆ་བཤད་སྐབས།དབྱི་སི་རལ་དང་དབྱི་ལིང་གི་གདོང་ཐུག་ཁྲོད་དབྱི་སི་རལ་ལ་རྒྱལ་ཁ་ཐོབ་ནས་གོ་སྐབས་མང་པོ་གསར་དུ་བཏོད།དང་ཐོག་མི་གཏའ་གློད་འགྲོལ་གཏོང་རྒྱུ་དེ་ཡིན་ཞིང་།དེ་དང་མཉམ་དུ་ཁོས་ཅ་ཧྲའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཧ་མ་སི་ཕམ་པར་བྱ་རྒྱུ་ཡིན་ཞེས་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།