ཚེས30ཉིན། ཨ་རིའི་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་ནས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཉིན་དེར་སྲིད་འཛིན་བཀའ་རྒྱ་བཞག་ནས་སི་རི་ཡའི་བཀག་སྡོམ་མེད་པར་བཟོས་ཡོད་ཅེས་བཤད།
སྲིད་འཛིན་བཀའ་རྒྱ་ལྟར་ན། ཨ་རིས་ཚོང་རྫས་སྐོར་ཞིག་སི་རི་ཡར་ཕྱིར་གཏོང་བྱེད་པའི་དོ་དམ་ཇེ་ལྷོད་དུ་གཏོང་རྒྱུ་ཡིན་པ་དང་། སི་རི་ཡར་ཕྱི་རྒྱལ་གྱི་རོགས་སྐྱོར་སྐོར་ཞིག་དང་ལེན་བྱེད་པའི་ཚོད་འཛིན་མེད་པར་བཟོ་རྒྱུ་རེད། ཉེ་སྔོན་ཨ་རིའི་ནོར་སྲིད་པུའུ་ཡིས་སི་རི་ཡའི་དབང་འཛིན་ལས་ཁུངས་དང་སི་རི་ཡའི་ཀྲུང་དབྱང་དངུལ་ཁང་། གཞུང་ཁོངས་ཁེ་ལས་བཅས་དང་འབྲེལ་བ་ཡོད་པའི་འགྲོ་འོང་ཆོག་མཆན་ཁྱབ་བསྒྲགས་བྱས་པ་དང་། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྱང་དུས་ཡུན་ཉིན180ཡི་བཀག་སྡོམ་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་ཁྱབ་བསྒྲགས་བྱས་པ་རེད།
ཕོ་བྲང་དཀར་པོའི་གསལ་བསྒྲགས་ལས། ཨ་རིས་སི་རི་ཡའི་བརྟན་འཇགས་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། སི་རི་ཡའི་་གནད་འགག་གི་བྱ་བའི་འཕེལ་རིམ་ལ་ལྟ་སྐུལ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད། དེ་དང་མཉམ་དུ་ཨ་རིས་ཐལ་སྐྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་དང་དེའི་ཁོངས་གཏོགས་རྩ་འཛུགས་དབྱི་ལིང་གི་ལས་ཚབ་པའི་བཀག་སྡོམ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་དང་། སི་རི་ཡ་མུ་མཐུད་དུ་ཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་འཇུག་མིན་ལ་དཔྱད་འཇོག་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་བཀག་སྡོམ་མེད་པར་བཟོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
ན་ནིང་ཟླ12པར་སི་རི་ཡའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་། མིག་སྔར་ཨ་རིས་སྔར་བཞིན་སི་རི་ཡའི་སྲིད་དབང་གི་མགོ་ཁྲིད་པ་ཨའེ་ཧ་མེ་ཏི·ཧྲ་ལ་རྒྱལ་སྤྱིའི་འཇིགས་སྐུལ་པའི་གྲས་སུ་བཅུག་པར་མ་ཟད། ཁོས་མགོ་ཁྲིད་པའི་སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་ཚོགས་པ་འཇིགས་སྐུལ་རྩ་འཛུགས་སུ་ངོས་འཛིན་བྱས། ཚེས30ཉིན་གྱི་ཕོ་བྲང་དཀར་པོའི་གསལ་བསྒྲགས་ལྟར་ན། ཐི་ལིང་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱའི་ནང་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དེའི་ཐད་ཡང་བསྐྱར་དཔྱད་འཇོག་བྱེད་དགོས་པར་མཛུབ་སྟོན་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།