ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་ནས་ལོ་ངོ་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཞི་ནེ་ནས་སྤེལ།
2025.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་ནས་ལོ་ངོ་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཉེ་སྔོན་ཞི་ནེ་ནས་སྤེལ་བ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་གཉིས་ཀྱི་མི་སྣས་ཕྱོགས་གཉིས་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་དར་རྒྱས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་སྒུག་བྱས་ཡོད།

ཨོ་སི་ཁྲུ་ལི་ཡཱའི་ཀྲུང་ཧྭའི་དཔལ་འབྱོར་ཉོ་ཚོང་རིག་གནས་བརྗེ་རེས་སྐུལ་འདེད་ཚོགས་པའི་སྐབས་ལྔ་བའི་ལོ་ཚོགས་ཐེངས་གསུམ་པའི་སྟེང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་ནས་ལོ་ངོ་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ། ཞི་ནེ་རུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གི་མགོ་བ་ཝང་ཡུས་ཀྱིས་གཏམ་བཤད་སྤེལ་ཏེ། ཚང་མ་ཞི་ནེ་རུ་ལྷན་དུ་འཛོམས་ནས་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་ནས་ལོ་ངོ་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུས་པར་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་རང་དབང་ཉོ་ཚོང་གྲོས་ཆོད་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་དབང་ཉོ་ཚོང་མཉམ་ལས་ཀྱི་མིག་དཔེ་ཡིན་ཞིང་། ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་བར་ལག་རྡང་སྦྲེལ་ནས་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པ་དང་། མཉམ་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་སྒོ་འབྱེད་དང་དཀྱེལ་ཡངས། མངོན་གསལ། མཐོང་ཆུང་མེད་པའི་ཕྱོགས་མང་ཉོ་ཚོང་རྐྱེན་སྲོལ་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱས་ཏེ། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་དར་རྒྱས་དང་གཏན་འཇགས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཨོ་སི་ཁྲུ་ལི་ཡཱའི་སྔོན་ཆད་ཀྱི་ཉོ་ཚོང་དང་དངུལ་གཏོང་པུའུ་ཀྲང་ལོ་པུའུ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་རང་དབང་ཉོ་ཚོང་གྲོས་ཆོད་ལས་རྒྱལ་ཁབ་གཉིས་བར་དཔལ་འབྱོར་ཐད་ནས་ཕན་ཚུན་རོགས་རེས་བྱེད་པའི་ཁྱད་ཆོས་མིག་མཐོང་ལག་ཟིན་དུ་གྱུར་ཡོད། ཁོས་སྔར་ལས་ལྷག་པའི་སྒོ་ནས་ས་ཁོངས་ཀྱི་དཔལ་འབྱོར་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོས་ཆུ་ཚད་སྔར་ལས་མཐོ་བའི་རང་དབང་ཉོ་ཚོང་མ་ལག་གསར་བསྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཨོ་སི་ཁྲུ་ལི་ཡཱའི་ཀྲུང་ཧྭའི་དཔལ་འབྱོར་ཉོ་ཚོང་རིག་གནས་བརྗེ་རེས་སྐུལ་འདེད་ཚོགས་པའི་ཀྲུའུ་ཞི་ཝུའུ་ཧྥེ་ཕིན་གྱིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་རང་དབང་ཉོ་ཚོང་གྲོས་ཆོད་ལས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་བཀག་མེད་དུ་བྱས་ཡོད།

ལམ་ཐིག་གསར་བའི་སྟེང་ཨོ་སི་ཁྲུ་ལི་ཡཱའི་ཀྲུང་ཧྭའི་དཔལ་འབྱོར་ཉོ་ཚོང་རིག་གནས་བརྗེ་རེས་སྐུལ་འདེད་ཚོགས་པས་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་ཀྱི་འགྲོ་འོང་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་མམཉ་ལས་ཀྱི་ལེའུ་གསར་བ་འབྲི་བར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར། ཨོ་སི་ཁྲུ་ལི་ཡཱའི་ཀྲུང་ཧྭའི་དཔལ་འབྱོར་ཉོ་ཚོང་རིག་གནས་བརྗེ་རེས་སྐུལ་འདེད་ཚོགས་པའི་ལག་བསྟར་ཀྲུའུ་ཞི་ཙུན་དབྱེ་ཡིས་བསྟན་དོན། གཞི་གྲངས་ཉོ་ཚོང་དང་ལྗང་མདོག་དཔལ་འབྱོར། ཚན་རྩལ་གསར་གཏོད་སོགས་ཀྱི་འགྲན་ལམ་ནས། མུ་མཐུད་དུ་སྟེགས་བུའི་ཁྱད་སྟོབས་འདོན་སྤེལ་བྱས་ཤིང་། འབྲེལ་ཟམ་བཙུགས་ནས་མ་འོངས་མཉམ་འཛུགས་བྱེད་རྒྱུ་ཡིན་ལ། ཁོ་མོ་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་མཉམ་ལས་ཀྱི་ཡུན་རིང་འཕེལ་རྒྱས་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།