ཨུ་རུ་སི་དང་ཧྥ་རན་སིའི་སྲིད་འཛིན་གྱིས་ཁ་པར་གྲོས་མོལ་བྱས་ཏེ་ཕྱི་འབྲེལ་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
2025.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཟླ7པའི་ཚེས1ཉིན་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། དེ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཉེ་བའི་ལོ་ངོ་གསུམ་གྱི་རིང་ཐོག་དང་པོར་ཁ་པར་གྲོས་མོལ་བྱས་པ་རེད།

ཧྥ་རན་སིའི་སྲིད་འཛིན་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་གསར་འགྱུར་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། མཱ་ཁི་ལུང་དང་ཕུའུ་ཅིན་གྱིས་དུས་ཚོད་གཉིས་ལྷག་ལ་ཁ་པར་གྲོས་མོལ་བྱས་ཟེར། ཨུ་རུ་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཐེངས་སྔོན་མའི་ཁ་པར་གྲོས་མོལ་ནི2022ལོའི་ཟླ9བའི་ཚེས11ཉིན་སྤེལ་བ་ཡིན་ལ། ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་ནས་ལོ་ཕྱེད་འགོར་བའི་རྗེས་རེད་ཟེར།

ཨུ་རུ་སིའི་སྲིད་འཛིན་བཞུགས་ཤག་ཁི་ལི་མུའུ་ལིན་ཕོ་བྲང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ནམ་རྒྱུན་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་གཞན་པ་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཁོ་ཚོས་ནན་གྱིས་བསྟན་དོན། དབྱི་ལིང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་པ་དང་། དབྱི་ལིང་གིས་མུ་མཐུད་དུ་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གཞིར་བཟུང་ནས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་པ་སོགས་ཁུར་དུ་ལེན་དགོས་པའི་འོས་འགན་ལག་བསྟར་བྱེད་དགོས་ཟེར།

ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་ཨེ་ལོས་ཧྲི་ཕོ་བྲང་གིས་བཤད་རྒྱུར། མཱ་ཁི་ལུང་གིས་ཝུའུ་ཁི་ལན་དང་ཨུ་རུ་སི་ཡིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ནས་གྲོས་མོལ་བྱས་ཏེ། བརྟན་བརླིང་དང་ཡུན་རིང་གི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཕུའུ་ཅིན་གྱི་སྐད་ཆ་དྲངས་ནས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉམས་ཉེན་ནི་ནུབ་ཕྱོགས་རྒྱལ་ཁབ་དག་གི་སྲིད་ཇུས་ལས་བྱུང་བའི་མཇུག་འབྲས་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ལོ་མང་བོའི་རིང་ལ་ཨུ་རུ་སིའི་བདེ་འཇགས་ཁེ་ཕན་ལ་སྣང་ཆུང་བྱས་ཡོད་ལ། ད་ལྟ་ཝུའུ་ཁི་ལན་ལ་དེང་རབས་ཅན་གྱི་མཚོན་ཆ་སྣ་ཚོགས་འདོན་སྤྲོད་བྱས་ནས་དགྲར་འཛིན་གྱི་འགུལ་སྐྱོད་ཡུན་རིང་དུ་སྤེལ་བར་ངན་སྐུལ་བྱེད་བཞིན་ཡོད་ཟེར།

ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་མདུན་ལྗོངས་གླེང་སྐབས། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཐུན་མོང་ལྟ་ཚུལ་འབྱུང་བའི་གཞི་རྩའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཐུན་མོང་ལྟ་ཚུལ་དེ་དག་ནི་ཁྱོན་ཡོངས་ཅན་དང་ཡུན་རིང་བ་ཞིག་ཡིན་ལ། དམིགས་ཡུལ་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་འབྱུང་རྩ་མེད་པར་གཏོང་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།