ཐི་ལིང་ཕུའུ་སྲིད་གཞུང་གིས་ཨ་མེ་རི་ཁའི་རྒྱལ་སྤྱིའི་གསར་སྤེལ་ཁང་གི་སྒོ་དངོས་སུ་བརྒྱབ།
2025.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཐི་ལིང་ཕུའུ་སྲིད་གཞུང་གིས་ཟླ7པའི་ཚེས1ཉིན་ཁྱབ་བསྒྲགས་བྱས་དོན། ཉིན་དེ་ནས་བཟུང་ལོ་ངོ་རེ་བཞིའི་རིང་ལས་གཉེར་བྱས་པའི་ཨ་མེ་རི་ཁའི་རྒྱལ་སྤྱིའི་གསར་སྤེལ་ཁང་གི་སྒོ་དངོས་སུ་བརྒྱབ་པ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྤྱིའི་གསར་སྤེལ་ཁང་གིས་ཚེས1ཉིན་ནས་བཟུང་ཕྱི་ཕྱོགས་རོགས་སྐྱོར་ལས་འགན་ལག་བསྟར་བྱེད་མཚམས་བཞག་པ་དང་། ཐི་ལིང་ཕུའུ་སྲིད་གཞུང་གི་སྲིད་ཇུས་དང་འཚམ་པའི་ལས་གཞི་ལྷག་འཕྲོ་དག་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྤྲད་ནས་ལག་བསྟར་བྱེད་དུ་བཅུག་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྤྱིའི་གསར་སྤེལ་ཁང་གི་ལོ་ངོ་བཅུ་ཕྲག་འགའི་རིང་གི་འགྲོ་སོང་མེ་སྒོར་ཁྲག་ཁྲིག་བདུན་དང་ཐེར་ཆེན་གཅིག་ཐེར་འབུམ་ལྔ་ལས་བརྒལ་ཡོད། ཨ་མེ་རི་ཁའི་ཁྲལ་འཇལ་མཁན་གྱི་སྒོར་མོ་བཀོལ་ནས་འཛམ་གླིང་ཡོངས་ལ་ཁྱབ་པའི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་ཐོན་ལས་ཕྱོགས་བསྡུས་ཚོགས་པ་ཞིག་བཙུགས་པ་ཡིན་ཡང་། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར་འཇམ་འཐབ་མཇུག་སྒྲིལ་བའི་ཚུན་ལ། དེའི་ཕན་ནུས་ཇེ་ཆུང་དུ་གྱུར་བ་དང་། འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱུང་མེད་ལ། གཏན་འཇགས་མིན་པའི་གནས་བབ་སྔར་ལས་ཚབས་ཆེན་དུ་གཏོང་སྲིད་པར་མ་ཟད་ཨ་མེ་རི་ཁར་རྒོལ་བའི་སེམས་ཁམས་ཇེ་དྲག་ཏུ་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་ལག་བསྟར་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ཕྱི་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གཞི་དེས་ངེས་པར་དུ་ཨ་མེ་རི་ཁ་རྒྱལ་ཁབ་གཙོར་འཛིན་པའི་ཕྱི་ཕྱོགས་སྲིད་ཇུས་ལ་ཞབས་འདེགས་ཞུ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།