དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི51རྐྱེན་ལམ་དུ་ཤོར།
2025.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཟླ7པའི་ཚེས1ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི51རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ངོས་ཀྱི་ཧན་ཡུག་ནེ་སི་ས་ཁུལ་གྱི་ཐོག་ཁང་ཞིག་དང་བྱང་ངོས་ཀྱི་ཅེ་པཱ་ལེ་ཡེ་ས་ཁུལ་གྱི་མི་ཚོགས་ལ་འགས་གཏོར་བཏང་སྟེ། བསྡོམས་པས་ཉུང་མཐར་ཡང་མི17རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་དབུས་ཕྱོགས་ཀྱི་མེད་ཅཱ་ཆི་ཡུལ་གྱར་བའི་སྒར་ས་སོགས་ལ་འགས་གཏོར་བཏང་སྟེ་མི་སྣར་ཤི་རྨས་བཟོས། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་རྒུད་སྐྱོབ་དངོས་རྫས་ལེན་པར་སྒུག་པའི་ཕཱ་ལེ་སི་ཐན་གྱི་མི16རྐྱེན་ལམ་དུ་ཤོར་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ལ་དམིགས་པའི་འགུལ་སྐྱོད་སྤེལ་བ་དང་། འདས་པའི་ཉིན་གཅིག་གི་ནང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན140ལྷག་ལ་ཆམ་ཕབ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།