ཁུའུ་ཨར་ཏི་བཟོ་བའི་ཏང་གིས་མཚོན་ཆ་སྤྲོད་པའི་འཕེལ་རིམ་མགོ་རྩོམ་རྒྱུ་རེད།
2025.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་སྨྱན་བྱད་ཀྱིས་ཟླ6པའི་ཚེས30ཉིན་བསྒྲགས་པ་ལྟར་ན། དེའི་སྔོན་གཏོར་བ་ཁྱབ་བསྒྲགས་བྱས་ནས་མཚོན་ཆ་བསྐྱུར་བའི་ཐུར་ཁེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁུའུ་ཨར་ཏི་བཟོ་བའི་ཏང་གིས་ཟླ7པའི་ཟླ་སྟོད་དུ་མཚོན་ཆ་སྤྲོད་པའི་འཕེལ་རིམ་མགོ་རྩོམ་རྒྱུ་རེད་ཟེར།

དབྱི་རག་གི་རོའུ་ཏའོ་སྨྱན་བྱད་སྡེ་ཚོགས་ཀྱིས་བསྒྲགས་པ་ལྟར་ན། ཐུར་ཁེའི་སྲིད་གཞུང་གིས་བཙོན་འཇུག་བྱས་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མགོ་ཁྲིད་པ་ཨིག་ཅཱ་ལན་གྱིས་ཉིན་འགའི་རྗེས་སུ་ཡང་བསྐྱར་འབོད་སྐུལ་བཏང་སྟེ། ཁུའུ་ཨར་ཏི་བཟོ་བའི་ཏང་གིས་མཚོན་ཆ་སྤྲོད་པའི་འཕེལ་རིམ་དངོས་སུ་མགོ་རྩོམ་རྒྱུ་རེད། ཧ་ལམ་ཁུའུ་ཨར་ཏི་བཟོ་བའི་ཏང་གི་ཁོངས་མི་ཉི་ཤུ་ནས་སུམ་ཅུ་ཙམ་གྱིས་ཟླ7པའི་ཚེས3ཉིན་ནས་ཚེས10ཉིན་བར་དབྱི་རག་བྱང་ངོས་ཀྱི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་སུའུ་ལའེ་མན་ནེ་ཡཱ་ཞིང་ཆེན་ནས་སྐོར་ཐེངས་པོའི་མཚོན་ཆ་སྤྲོད་རྒྱུ་རེད་ཟེར།

ཁུའུ་ཨར་ཏི་བཟོ་བའི་ཏང་ནི་ཨིག་ཅཱ་ལན་གྱིས་དུས་རབས་སྔོན་མའི་ལོ་རབས་བདུན་ཅུའི་མཇུག་ཏུ་བཙུགས་པ་ཡིན་ཞིང་། དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཁུའུ་ཨར་ཏིའི་མི་འདུས་སྡོད་བྱེད་ས་ནས་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པར་བརྩོན་ལེན་བྱེད་བཞིན་ཡོད། ཁུའུ་ཨར་ཏིའི་མི་ནི་དབུས་ཤར་གྱི་མི་རིགས་གཙོ་བོ་ཞིག་ཡིན་པ་དང་། སྤྱིའི་མི་གྲངས་ཧ་ལམ་བྱེ་བ་གསུམ་ཙམ་ཡོད་ལ། གཙོ་བོ་གོང་སྨྲས་ཀྱི་རྒྱལ་ཁབ་བཞིར་ཁྱབ་ཡོད།

ཁུའུ་ཨར་ཏི་བཟོ་བའི་ཏང་གི་སྤྱི་ཁྱབ་པུའུ་ཁུའུ་ཨར་ཏི་ས་ཁུལ་དུ་ཡོད་པ་དང་། ལོ་འདི་འགའི་རིང་ལ་གཙོ་བོ་དབྱི་རག་བྱང་ངོས་དང་སི་རི་ཡཱའི་བྱང་ངོས་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།