སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཁའེ་ལེ་ཙུའུ་ཐི་ཨར་གྱིས་ཚེས2ཉིན་སུའེ་ཙེར་གྱི་རྒྱལ་ས་པའོ་ཨར་ནེ་ནས་གསར་དུ་འགན་ཁུར་བའི་སུའེ་ཙེར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཆན་མེན་ཅན་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་མང་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཆན་མེན་ཅན་གྱིས་ཉིན་དེར་ཁའེ་ལེ་ཙུའུ་ཐི་ཨར་ལ་རྒྱལ་ཡིག་སྤྲད།
ཁའེ་ལེ་ཙུའུ་ཐི་ཨར་གྱིས་བསྟན་དོན། སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། མཐོ་རིམ་བར་གྱི་འགྲོ་འོང་གི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་རོགས་རེས་ལ་ཤུགས་སྣོན་བྱས་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཆན་མེན་ཅན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་སུའེ་ཙེར་བར་འབྲེལ་བ་བཙུགས་ནས་ལོ་ངོ75འགོར་བ་དང་ཀྲུང་གོ་དང་སུའེ་ཙེར་གྱི་རིག་གནས་དང་ཡུལ་སྐོར་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་སུ་བརྩིས་ནས། སུའེ་ཙེར་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་སུའེ་ཙེར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཆན་མེན་ཅན་ཟླ6པའི་ཚེས30ཉིན་སུའེ་ཙེར་དུ་འབྱོར་ནས་ལས་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།