ཀུའེ་ཡཱ་ནཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་དབྱང་དབྱང་དང་ཀུའེ་ཡཱ་ནཱའི་འཕྲོད་བསྟེན་པུའུ་ཀྲང་ཨན་ཏུང་ནེ་གཉིས་ཀྱིས་ཟླ7པའི་ཚེས1ཉིན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོས་ཀུའེ་ཡཱ་ནཱ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གྲོས་ཆོད་ཡི་གེ་བཀོད། ཨན་ཏུང་ནེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ནམ་རྒྱུན་ཀུའེ་ཡཱ་ནཱའི་སྨན་བཅོས་འཕྲོད་བསྟེན་ལས་དོན་དང་འཇོན་མིའི་གསོ་སྐྱོང་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།
ཨན་ཏུང་ནེ་ཡིས་གྲོས་ཆོད་ཡི་གེ་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཀུའེ་ཡཱ་ནཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་དངོས་གཉེར་མཛའ་མཐུན་མཉམ་ལས་ཀྱི་ལེའུ་གསར་བ་འབྲི་འདོད་ཡོད་ཟེར།
དབྱང་དབྱང་གིས་བཤད་རྒྱུར། ཀུའེ་ཡཱ་ནཱ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ནི་ཀྲུང་གོས་ཐོག་དང་པོར་ཅཱ་ལེ་པུས་ས་ཁུལ་དུ་མངགས་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ཡིན་ཞིང་། ལོ་ངོ32རིང་ལ། ཀྲུང་གོ་ཕྱོགས་ཀྱིས་སྨན་བཅོས་རུ་ཁག་ཐེངས་ཉི་ཤུ་དང་མི་ཐེངས་ཉིས་བརྒྱ་དང་གོ་ལྔ་མངགས་གཏོང་བྱས་ཏེ། རིམ་རྩིས་ཀྱིས་རིགས་སྣ་ཚོགས་ཀྱི་ནད་པ་མི་ཐེངས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཅིག་ལ་བརྟག་དཔྱད་གསོ་བཅོས་བྱས། ཀྲུང་གོའི་སྨན་བཅོས་རུ་ཁག་གི་ཕུལ་དུ་ཕྱིན་པའི་གསོ་བཅོས་ལག་རྩལ་དང་དཀའ་སྡུག་མྱོང་ཐུབ་པའི་སྙིང་སྟོབས་ལ་ཀུའེ་ཡཱ་ནཱའི་ལས་རིགས་སོ་སོའི་གཟེངས་བསྟོད་ཆེན་པོ་ཐོབ་ཡོད་ཟེར། ཁོ་མོས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀུའེ་ཡཱ་ནཱ་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་ཀུའེ་ཡཱ་ནཱའི་མི་དམངས་ཀྱི་བདེ་ཐང་ཐད་རོགས་འདེགས་བྱེད་འདོད་ཡོད་ཟེར།
གྲོས་ཆོད་ཡི་གེ་དེ་ལོ་ལྔའི་ནང་ཐེངས་རེ་འགོད་བཞིན་ཡོད་པ་དང་། ཐེངས་འདིར་བཀོད་པའི་གྲོས་ཆོད་ཡི་གེ་ལས་ཐེངས་རེ་རེའི་སྨན་བཅོས་རུ་ཁག་ལ་མི་གཉིས་རེ་སྣོན་བྱེད་རྒྱུ་ཐག་བཅད་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།