ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་རོགས་སྐྱོར་དང་གཏན་འཇགས་ཆེད་མངག་ཚོགས་པས་ཚེས2ཉིན་བཤད་རྒྱུར། ཝུ་ཀན་ཏཱའི་དམག་དཔུང་གིས་མངགས་པའི་མི8དྲུད་པའི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་གྱི་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲནས་སར་ལྷུང་། ཝུ་ཀན་ཏཱའི་དམག་ཕྱོགས་ཀྱིས་ཉིན་དེར་བཤད་རྒྱུར། གནམ་གྲུའི་སྟེང་གི་མི5རྐྱེན་ལམ་དུ་ཤོར་ཡོད་ཟེར།
སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་གྱི་རོགས་སྐྱོར་དང་གཏན་འཇགས་ཆེད་མངག་ཚོགས་པས་སྤེལ་བའི་གསལ་སྒྲོག་ལྟར་ན། གྱེན་འཕུར་གནམ་གྲུ་དེ་ཉིན་དེའི་སྔ་དྲོར་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་པཱ་ལའེ་ཏའོ་ཀི་དམག་དོན་རྟེན་གཞི་ནས་མའོ་ཅཱ་ཏིས་ཧྲ་ཡི་ཡཱ་ཏེན་ཨ་པུའུ་ཏུའུ་ལཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཕུར་བ་དང་། གནམ་གྲུ་ཐང་དུ་འབབ་སྐབས་སར་ལྷུང་བ་རེད་ཟེར།
ཝུ་ཀན་ཏཱའི་དམག་ཕྱོགས་ཀྱིས་སྤེལ་བའི་གསལ་སྒྲོག་ལྟར་ན། གནམ་གྲུའི་སྟེང་གི་མི་བརྒྱད་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་ལ་བསྲེག་རྨས་ཚབས་ཆེན་ཐེབས་ཡོད་ཟེར།
གནམ་གྲུ་སར་ལྷུང་བ་ལས་འགས་གཏོར་བྱུང་བ་དང་། ཉེ་འདབས་ཀྱི་ཐོག་ཁང་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ། མི་སེར་དཀྱུས་མ3ལ་རྨས་ཕོག ཝུ་ཀན་ཏཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཁུའུ་ལཱ་དབྱིན་ཅེ་ཡིས་གསར་འགོད་པར་བཤད་རྒྱུར། སར་ལྷུང་བའི་གྱེན་འཕུར་གནམ་གྲུ་དེར་འཇབ་རྒོལ་ཐེབས་པས་ཡིན་མི་སྲིད་པ་དང་། ཝུ་ཀན་ཏཱའི་དམག་ཕྱོགས་ཀྱིས་མྱུར་མོར་བྱ་བའི་ཚན་ཆུང་མངགས་ནས་མའོ་ཅཱ་ཏིས་ཧྲ་རུ་སོང་ནས་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།