ཧཱ་མཱ་སི་ཡིས་ཕྱོགས་སོ་སོའི་བར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་གྲོས་བསྡུར་བྱེད་བཞིན་ཡོད་པའི་ཚུལ་བསྟན།
2025.07.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་འབྲེལ་ཡོད་ཕྱོགས་སོ་སོའི་བར་གྲོས་མོལ་བྱེད་བཞིན་ཡོད་ལ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ཕྱོགས་ཁག་གི་གྲོས་གཞིར་གྲོས་བསྡུར་བྱས་ནས། དབྱི་སི་རལ་གྱིས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱེད་པའི་གྲོས་མཐུན་འགོད་རྩིས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བར་འདུམ་ཕྱོགས་ཁག་གིས་ཕྱོགས་སོ་སོའི་འགལ་བ་མེད་པར་བཏང་སྟེ་སྒྲོམ་གཞིའི་གྲོས་མཐུན་འགོད་པ་དང་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་མགོ་རྩོམ་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས1ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཧཱ་མཱ་སིའི་བར་ཉིན་དྲུག་ཅུའི་རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་དགོས་ངེས་ཀྱི་ཆ་རྐྱེན་ལ་ཡིད་འཐད་བྱུང་ཡོད་པའི་ཚུལ་བསྟན་པ་དང་། ཧཱ་མཱ་སི་ཡིས་ཀྱང་གྲོས་མཐུན་དེ་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐི་ལིང་ཕུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་མོལ་ཡུན་རིང་བྱས་པ་དང་། དབྱི་སི་རལ་གྱིས་ཉིན་དྲུག་ཅུའི་རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་དགོས་ངེས་ཀྱི་ཆ་རྐྱེན་ལ་ཡིད་འཐད་བྱུང་ཡོད་ལ། ཁཱ་ཐར་དང་ཨེ་ཅིབ་ཀྱིས་གྲོས་མཐུན་དེའི་ཆེས་མཇུག་མཐའི་མ་ཡིག་སྤྲོད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།