ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་ཨ་མེ་རི་ཁས་དམག་དོན་རོགས་སྐྱོར་སྐོར་ཞིག་མཚམས་འཇོག་པའི་བརྡ་ཐོ་འབྱོར་མེད་པའི་ཚུལ་བསྟན།
2025.07.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་ཚེས2ཉིན་སྨྱན་བྱད་ཀྱིས་བསྒྲགས་པའི་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་སྐོར་ཞིག་མཚམས་བཞག་པའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། མིག་སྔར་ཝུའུ་ཁི་ལན་ཕྱོགས་ལ་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་མཚམས་བཞག་པའམ་དེར་བཟོ་བཅོས་བྱས་པའི་བརྡ་ཐོ་འབྱོར་མེད་པ་དང་། ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་ཨ་མེ་རི་ཁའི་ཕྱོགས་ལ་ཁ་པར་བཏང་ནས་བྱེ་བྲག་གི་ནང་དོན་ལ་དཔྱད་ཞིབ་བྱེད་པར་རེ་བཞིན་ཡོད་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། སྨྱན་བྱད་ཀྱིས་ཨ་མེ་རི་ཁས་དེའི་སྔོན་ཆོག་མཆན་བཀོད་པའི་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་སྐོར་ཞིག་འགོར་འགྱངས་བྱེད་རྒྱུ་ཡིན་པའི་གནས་ཚུལ་བསྒྲགས་པར་དོ་སྣང་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ཀྱི་གནས་ཚུལ་ལ་དཔྱད་ཞིབ་བྱེད་བཞིན་ཡོད་པར་མ་ཟད། ཕྱི་འབྲེལ་སྡེ་ཁག་དང་མཉམ་དུ་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱས་པའི་མཇུག་འབྲས་སྙན་ཞུ་བྱེད་རྒྱུ་ཡིན་ཟེར། ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་དང་ཁྱད་པར་དུ་མཁའ་སྲུང་སྟོབས་ཤུགས་ལ་མཚོན་ན། གཏན་འཇགས་དང་རྒྱུན་མཐུད་ཀྱི་རྒྱབ་སྐྱོར་གལ་འགངས་ཧ་ཅང་ཆེ་ཟེར།

གཞན་ཡང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས2ཉིན་བསྒྲགས་པ་ལྟར་ན། ཉིན་དེའི་སྔ་དྲོར་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་པེ་ཧྲ་ཡིས་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ་ཡི་ཚབ་བྱས་ནས་ཝུའུ་ཁི་ལན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་བོས་ནས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་འགོར་འགྱངས་བྱེད་མི་རུང་བའི་འབོད་སྐུལ་བཏང་། པེ་ཧྲ་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཝུའུ་ཁི་ལན་ལ་པེད་ཏིན་སྲིད་གཞུང་གིས་དེའི་སྔོན་ཁས་ལེན་བྱས་ཡོད་པའི་དམག་དོན་རོགས་སྐྱོར་རྩིས་སྤྲོད་བྱེད་པར་གལ་འགངས་ཆེ་བ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་འགོར་འགྱངས་བྱས་ན་ཨུ་རུ་སིའི་དམག་དཔུང་གིས་དཔུང་འཇུག་དྲག་པོ་བྱེད་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།