མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་སྙན་ཞུ་ལས་འཛམ་གླིང་ཧྲིལ་བོ་ཐན་པའི་འགྲན་རྩོད་ཚབས་ཆེན་ལ་འཕྲད་ཡོད་པའི་ཚུལ་བསྟན།
2025.07.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཚེས2ཉིན་སྤེལ་བའི་སྙན་ཞུ་ཞིག་ལས་མངོན་པ་ལྟར་ན། ནམ་ཟླའི་འགྱུར་ལྡོག་དང་ས་ཞིང་། ཆུའི་ཐོན་ཁུངས་བཅས་ལ་གནོན་ཤུགས་ཆེ་བའི་གནས་བབ་འོག 2023ལོའི་ཚུན་ལ་འཛམ་གླིང་ཧྲིལ་བོ་ཟིན་ཐོ་ཡོད་པའི་ཚུན་གྱི་ཁྱབ་ཁོངས་ཆེས་ཆེ་ཞིང་གཏོར་བརླག་རང་བཞིན་ཆེས་དྲག་པའི་ཐན་པའི་གནོད་འཚེ་མྱངས་པ་དང་། འཛམ་གླིང་ཧྲིལ་བོ་ཐན་པའི་འགྲན་རྩོད་ཚབས་ཆེན་ལ་འཕྲད་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་ཅན་འགོག་བཅོས་བྱེད་པའི་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་སོགས་ལས་ཁུངས་ཀྱིས་སྤེལ་བའི2023ལོ་ནས2025ལོའི་བར་གྱི་འཛམ་གླིང་ཡོངས་ཀྱི་ཐན་པའི་གནོད་འཚེ་ཚབས་ཆེ་བའི་ས་ཁུལ་གྱི་སྙན་ཞུ་ཞེས་པ་དེ་ལས་ཨ་ཧྥེ་རི་ཁ་གླིང་དང་ས་དཀྱིལ་མཚོ་ཁོངས་འགྲམ་བརྒྱུད། ལཱ་ཏེན་མེ་གླིང་། ཨེ་ཤ་ཡཱ་ཤར་ལྷོ་སོགས་ས་ཁུལ་གཙོར་བཟུང་ནས། ཕྱོགས་ཡོངས་ནས་ཐན་པ་ལས་དབུལ་ཕོངས་དང་ལྟོགས་སྐོམ། ནུས་ཁུངས་ཉམས་ཉེན། སྐྱེ་ཁམས་བཅས་ཇི་ལྟར་ཚབས་ཆེན་དུ་གྱུར་བའི་གནད་དོན་ལ་དབྱེ་ཞིབ་བྱས་ཡོད།

སྙན་ཞུ་ལས་བསྟན་དོན། ཐན་པ་ལས་སྤྱི་ཚོགས་དང་དཔལ་འབྱོར། ཁོར་ཡུག་བཅས་ཀྱི་གནད་དོན་འབྱུང་སྲིད་པར་བསྟན་ཡོད།

སྙན་ཞུ་ལས་བལྟས་ན། 2023ལོ་ནས2024ལོའི་བར་ཨིག་ཨར་ནེ་ནོའུ་དོན་རྐྱེན་ལས་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཇེ་ཆེར་སོང་བ་དང་། ཞིང་ལས་དང་སྐྱེ་ཁམས་ས་ཁོངས་གཙོ་བོ་རེ་འགར་ཐན་པ་བྱུང་ནས། མ་གཞི་ནས་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ས་ཁུལ་དེ་དག་ལ་བསྟུད་མར་གནོན་ཤུགས་ཆེན་པོ་བྱིན་ཡོད་པར་འདོད།

སྙན་ཞུ་ལས་རྒྱལ་ཁབ་སོ་སོས་སྟོབས་དང་ལྡན་པའི་ཉེན་བརྡའི་མ་ལག་འཛུགས་པ་དང་། ཐན་པ་དང་དེའི་ཤུགས་རྐྱེན་ལ་དུས་ངེས་མེད་དུ་ལྟ་ཞིབ་ཚད་འཇལ་བྱེད་པར་ཤུགས་སྣོན་པ། བབ་བསྟུན་རང་བཞིན་ལྡན་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་སོགས་ཐན་པའི་འགོག་སྲུང་ནུས་ཤུགས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་འགོག་བཅོས་སྤྱི་ཆིངས་ལས་གཞིའི་དཔོན་པོ་ཏན་ནེ་ཨར་ཚེ་ཅཱ་དབྱེ་ཡིས་ཉེ་སྔོན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མི་རྣམས་ཀྱིས་ཉམས་ཉེན་ཐག་གཅོད་བྱེད་པ་དེ་རང་འགུལ་ཧུར་བརྩོན་བྱེད་པའི་བབ་བསྟུན་འཛུགས་སྐྲུན་ལ་བསྒྱུར་ནས་རྒྱལ་ཁབ་ཀྱི་ཐན་འགོག་འཆར་གཞི་འདོན་དགོས། དོ་སྣང་བྱེད་དགོས་པ་ཞིག་ནི་ཐན་པ་ནི་སྡེ་ཁག་ག་གེ་མོའི་གནད་དོན་མ་ཡིན་ཞིང་། ཐན་པའི་གནོད་འཚེ་ཐག་གཅོད་བྱེད་པར་སྡེ་ཁག་སོ་སོའི་རོགས་ལས་དང་འབྲལ་ཐབས་མེད་པར་མ་ཟད། ཐན་པ་དེར་རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།