ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས2ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་དང་མཉམ་དུ་སྐོར་ཐེངས་གསུམ་པའི་གྲོས་མོལ་དུས་ཚོད་ལ་གྲོས་བསྡུར་བྱས་ནས་གཏན་འཁེལ་བྱེད་པར་རེ་བཞིན་ཡོད་ཟེར།
བསྒྲགས་པ་ལྟར་ན། ཕའེ་སི་ཁི་ཧྥུའུ་ཡིས་གསར་འགོད་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་དུས་ཚོད་སྐོར་གྱི་གནད་དོན་ལ་ལན་འདེབས་སྐབས་བསྟན་དོན། བྱེ་བྲག་གི་དུས་ཚོད་ད་རུང་གཏན་འཁེལ་བྱས་མེད་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་བཞིན་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཚོད་དཔག་བྱས་ན་ཅང་མི་འགོར་བར་གྲོས་འཆམ་འབྱུང་སྲིད་ཟེར།
ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཟླ6པའི་ཚེས27ཉིན་བསྟན་དོན། དེའི་སྔོན་ཝུའུ་ཁི་ལན་དང་མཉམ་དུ་ཐུར་ཁེའི་དབྱི་སི་ཐན་པོར་ནས་བཀོད་པའི་གྲོས་མཐུན་གྱི་ནང་དོན་དངོས་འབེབས་ཡོངས་འགྲུབ་བྱས་རྗེས། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་སྐོར་ཐེངས་གསུམ་པའི་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་གྲ་སྒྲིག་གང་ལེགས་བྱས་ཡོད། སྐོར་ཐེངས་གསུམ་པའི་གྲོས་མོལ་གྱི་བརྗོད་སྙིང་ནི་རྒྱལ་ཁབ་གཉིས་ཀྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པའི་བཟོད་སྒོམ་བརྗེད་ཐོའི་འཆར་ཟིན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཟླ6པའི་ཚེས2ཉིན་དབྱི་སི་ཐན་པོར་ནས་སྐོར་ཐེངས་གཉིས་པའི་ཐད་ཀར་གྲོས་མོལ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་རྨས་ལྗིད་མོ་ཕོག་པའམ་ནད་ལྗིད་མོ་ཕོག་པའི་བཟུང་དམག་ཡོད་ཚད་བརྗེ་སྤོར་བྱེད་པར་འཐད་པ་བྱུང་བར་མ་ཟད། ལོ་ཉེར་ལྔའི་མན་གྱི་བཟུང་དམག་དང་རྐྱེན་ལམ་དུ་ཤོར་བའི་དམག་མིའི་བེམ་པོ་བརྗེ་སྤོར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།