ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ཁཱ་ཞི་མུའུ་ཡིས་ཚེས2ཉིན་བསྐྱར་སྒྲོག་བྱས་དོན། དབྱི་སི་རལ་གྱིས་དངོས་ཡོད་དང་འཐབ་ཇུས་རང་བཞིན་གྱི་འཇིགས་ཉེན་བཟོས་པའི་དབང་གིས་ཀྲིན་ཀྲུའུ་ཏང་གིས་མཚོན་ཆ་གཏན་ནས་བསྐྱུར་མི་སྲིད་ཟེར།
ཁཱ་ཞི་མུའུ་ཡིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་ཕྱོགས་ནས་སྤེལ་བའི་འདུ་ཚོགས་ཤིག་གི་སྟེང་བསྟན་དོན། རྒྱལ་སྤྱིའི་སྟེང་ནས་ལེ་པཱ་ནུན་གྱི་སྲིད་གཞུང་གིས་རང་གི་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་ཡང་། ལེ་པཱ་ནུན་རྒྱལ་ནང་གི་ཀྲིན་ཀྲུའུ་ཏང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་ཁྲོད་ཀྱི་གོ་གནས་དེ་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད། ཡིན་ཡང་མཚོན་ཆ་ནི་དབྱི་སི་རལ་ལ་འགོག་རྒོལ་བྱེད་པར་བཀོལ་བ་ཡིན་པས། ང་ཚོས་ཁེ་དབང་དེ་གཏན་ནས་བསྐྱུར་མི་སྲིད་ལ། ང་ཚོས་དབྱི་སི་རལ་ལ་མགོ་སྒུར་མི་སྲིད་པར་མ་ཟད་གནོན་ཤུགས་ཀྱིས་ང་ཚོར་གཡོ་འགུལ་ཐེབས་མི་སྲིད་ཟེར།
ཁཱ་ཞི་མུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་དང་ལེ་པཱ་ནུན། ཐ་ན་ས་ཁུལ་ཧྲིལ་བོར་དངོས་ཡོད་དང་འཐབ་ཇུས་རང་བཞིན་གྱི་འཇིགས་ཉེན་བཟོས་ཡོད། ང་ཚོ་ནི་འགོག་རྒོལ་རྩ་འཛུགས་ཅིག་ཡིན་པ་དང་། འགན་འཁྲི་ནི་འགོག་རྒོལ་བྱེད་རྒྱུ་དེ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ལེ་པཱ་ནུན་གྱི་ནང་སྲིད་ལས་དོན་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།