ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ཀྱིས་ཚེས3ཉིན་ཁ་པར་བརྒྱུད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་གནད་དོན། དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་གླེང་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཐི་ལིང་ཕུའུ་ཡིས་ཉིན་དེའི་དགོང་མོར་བཤད་རྒྱུར། ཁ་པར་གྲོས་མོལ་ལས་འབྲེལ་ཡོད་ཀྱི་གླེང་གཞིའི་ཐད་ནས་གྲུབ་འབྲས་ཅི་ཡང་བླངས་མེད་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་འཛིན་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་བསྟན་དོན། ཕུའུ་ཅིན་དང་ཐི་ལིང་ཕུའུ་གཉིས་ཀྱིས་དུས་ཚོད་གཅིག་ཙམ་ལ་ཁ་པར་གྲོས་མོལ་བྱས་པ་དང་། དབྱི་ལིང་དང་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་ཞིབ་ཏུ་གྲོས་བསྡུར་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། རྩོད་གླེང་དང་འགལ་བ། འཁྲུག་རྩོད་ཚང་མ་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་གནས་བབ་གསར་བར་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དོན་དེའི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བསྟན་དོན། ཝུའུ་ཁི་ལན་གྱི་གནད་དོན་གླེང་སྐབས་ཐི་ལིང་ཕུའུ་ཡིས་ཡང་བསྐྱར་སྔ་མོ་ནས་འགོག་རྒོལ་བྱ་སྤྱོད་མཚམས་འཇོག་པའི་རེ་བ་བཏོན། ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། ཕུའུ་ཅིན་གྱིས་ཐི་ལིང་ཕུའུ་ལ་སྐོར་ཐེངས་གཉིས་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཐད་ཀའི་གྲོས་མོལ་ནས་བཀོད་པའི་མི་ཆོས་རིང་ལུགས་གྲོས་མཐུན་གྱི་ལག་བསྟར་གནས་ཚུལ་མཚམས་སྦྱོར་བྱས། ཁོས་ད་རུང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱེད་པའི་འཕེལ་རིམ་ལ་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བསྟན་དོན། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་ནས་དམིགས་འབེན་མངོན་འགྱུར་བྱས་ཡོད་དེ། མིག་སྔའི་གནས་བབ་དང་ཛ་དྲག་གི་འཁྲུག་རྩོད་ཐད་ཀྱི་ཀུན་གྱིས་ཤེས་པའི་འབྱུང་རྩ་མེད་པར་བཏང་ཡོད་ལ། ཨུ་རུ་སི་ཡིས་དམིགས་འབེན་དེ་དག་བསྐྱུར་མི་སྲིད་ཟེར།
ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་སྡེ་ཁག དེ་མིན་སྲིད་འཛིན་གྱི་ལས་རོགས་པ་བཅས་བརྒྱུད་དེ་འབྲེལ་འདྲིས་སྲུང་འཛིན་བྱེད་པར་འཐད་པ་བྱུང་།
ཉིན་དེའི་དགོང་མོར། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཨན་ཏི་ལུའུ་སི་མཁའ་དམག་རྟེན་གཞི་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཁོ་དང་ཕུའུ་ཅིན་གྱིས་དབྱི་ལིང་དང་ཝུའུ་ཁི་ལན་སོགས་ཀྱི་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས་པ་དང་། གནད་དོན་མང་བོར་གྲོས་བསྡུར་བྱས་ལ། དུས་ཚོད་རིང་བོ་འགོར་ཡང་གྲུབ་འབྲས་ཅི་ཡང་ཐོབ་མེད་ཟེར། ཐི་ལིང་ཕུའུ་ཡིས་གྲུབ་འབྲས་ཅི་ཡང་མེད་པའི་དབང་གིས་རང་གི་སེམས་ཁམས་སྐྱིད་པོ་མིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།