ཨུ་རུ་སི་དཀར་པོས་རང་བཙན་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུས།
2025.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སི་དཀར་པོའི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཚེས3ཉིན་བྱ་འགུལ་སྣ་ཚོགས་སྤེལ་ཏེ། རྒྱལ་ཁབ་ཀྱི་རང་བཙན་ཉིན་མོ་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་འཇར་མན་ཧྥ་ཞི་སིའི་བཙན་བཟུང་འོག་བཅིངས་འགྲོལ་བྱས་ནས་ལོ་ངོ81འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཨུ་རུ་སི་དཀར་པོའི་སྲིད་འཛིན་ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་མེན་སི་ཁིའི་ཉེ་འདབས་ཀྱི་ཀོང་རོང་ཀང་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ་ཏེ་གཏམ་བཤད་སྤེལ། ཁོས་བསྟན་དོན། ཞི་བདེ་དང་རང་དབང་། སྒེར་ཚུགས་བཅས་ནི་ཨུ་རུ་སི་དཀར་པོའི་ཆེས་རྩ་ཆེ་བའི་ཤུལ་བཞག་དང་རིན་ཐང་ཡིན། ཨུ་རུ་སི་དཀར་པོས་ཞི་བདེའི་ཆེད་དུ་དཔའ་མཛངས་ཀྱིས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པ་དང་། དམག་མི་རྒན་པར་གུས་འདུད་ཞུ་བཞིན་ཡོད། ཨུ་རུ་སི་དཀར་པོས་མུ་མཐུད་དུ་ཞི་བདེ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་གནས་ཚུལ་གང་རུང་ལ་གྲ་སྒྲིག་གང་ལེགས་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སི་དཀར་པོའི་སྲིད་གཞུང་གིས་ཉིན་དེར་ད་རུང་མེན་སི་ཁི་ནས་ན་གཞོན་སྒྱུ་རྩལ་དུས་ཆེན་དང་། རོལ་དབྱངས་ཚོགས་འདུ་སོགས་བྱ་འགུལ་སྤེལ། མེན་སི་ཁི་ལས་གཞན་ཝེ་ཅེ་པུའུ་སི་ཁི་དང་ཀི་མཱེ་ལེ། ཀི་ལོ་ཏི་ནོའུ་སོགས་གྲོང་ཁྱེར་དུའང་རྗེས་དྲན་རྡོ་རིང་ལ་མེ་ཏོག་འབུལ་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་ཁྲོམ་སྐོར་སོགས་བྱ་འགུལ་སྤེལ།

1944ལོའི་ཟླ7པའི་ཚེས3ཉིན། ཨུ་རུ་སི་དཀར་པོ་འཇར་མན་གྱི་ཧྥ་ཞི་སིའི་བཙན་བཟུང་འོག་བཅིངས་འགྲོལ་ཐོབ་པ་དང་། 1996ལོའི་ལོ་མཇུག་ཏུ། ཨུ་རུ་སི་དཀར་པོའི་དམངས་ཡོངས་ཀྱིས་སྤྱི་བའི་བརྡས་ཐག་བཅད་དེ། ཟླ7པའི་ཚེས3ཉིན་དེ་ཨུ་རུ་སི་དཀར་པོའི་རང་བཙན་ཉིན་མོར་གཏན་འཁེལ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།