ཧིན་རྡུ་ཉི་ཞི་ཡཱ་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་བྱུང་སྟེ་མི6རྐྱེན་ལམ་དུ་ཤོར་བ་དང་མི24གར་སོང་རྙེད་མེད།
2025.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་གྱི་རྒུད་སྐྱོབ་སྡེ་ཁག་གིས་ཚེས3ཉིན་གྱི་དགོང་མོར་བསྟན་དོན། པཱ་ལི་མཚོ་འགག་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི6རྐྱེན་ལམ་དུ་ཤོར་བ་དང་། མི24གར་སོང་རྙེད་མེད་ལ། གཞན་ཡང་མི35བསྐྱབས་ཡོད་ཟེར།

པཱ་ལི་གླིང་ཕྲན་གྱི་རྒུད་སྐྱོབ་སྡེ་ཁག་གི་མགྲིན་ཚབ་པ་ཝེ་ཅཱ་དབྱང་ཏིས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཚེས3ཉིན་གྱི་རྒུད་སྐྱོབ་འགུལ་སྐྱོད་དེ་མུན་རུབ་པས་གནས་སྐབས་སུ་མཇུག་སྒྲིལ་བ་དང་། རྒུད་སྐྱོབ་བྱ་བ་ཚེས4ཉིན་མུ་མཐུད་དུ་སྤེལ་རྒྱུ་ཡིན་ལ། གཙོ་བོ་དོན་རྐྱེན་བྱུང་སའི་ལྷོ་ངོས་ཀྱི་མཚོ་ཁོངས་སུ་སྔོག་བཤེར་བྱེད་རྒྱུ་ཡིན་པ་དང་། རྒྱུ་མཚན་ནི་དེ་རིང་མཚོ་ཁོངས་དེ་ནས་མི་མང་བོ་གར་སོང་མ་རྙེད་པས་ཡིན་ཟེར།

མགྲིན་ཚབ་པ་དེས་བསྟན་དོན། སྲོག་ཉེན་ལས་བསྐྱབས་པའི་མི་རྣམས་པཱ་ལི་གླིང་ཕྲན་གྱི་སྨན་ཁང་ཞིག་ཏུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། ཚེས4ཉིན་གྱི་རྒུད་སྐྱོབ་འགུལ་སྐྱོད་དེ་པཱ་ལི་གླིང་ཕྲན་དང་བཀྲའ་ཝ་ཞིང་ཆེན་ཤར་མའི་རྒུད་སྐྱོབ་གཞུང་སྒྲུབ་ཁང་གི་མི་སྣས་མཉམ་འབྲེལ་གྱིས་སྤེལ་རྒྱུ་ཡིན་ལ། དམག་གྲུ་དང་མི་མེད་གནམ་གྲུ། མྱུར་སྐྱོབ་གྲུ་གཟིངས་སོགས་སྒྲིག་ཆས་བཀོལ་རྒྱུ་ཡིན་ཟེར།

ཚེས3ཉིན་གྱི་ཞོགས་པར། ཐུའུ་ནོའུ་ཕུའུ་ལཱ་ཐཱ་མཱ། ཅཱ་ཡཱ་རྟགས་ཅན་གྱི་གྲུ་གཟིངས་དེ་བཀྲའ་ཝ་ཤར་མ་ཞིང་ཆེན་གྱི་ཅི་ཏཱ་མངའ་སྡེའི་གྲུ་ཁ་ནས་པཱ་ལི་གླིང་ཕྲན་གྱི་ཅི་ལེ་མཱ་ནོའུ་ཁི་གྲུ་ཁར་བགྲོད་པའི་ལམ་བར་ནས་རྒྱ་མཚོར་ནུབ་པ་རེད། གྲུ་གཟིངས་དེའི་ནང་བསྡོམས་པས་མི65དྲུད་ཡོད་པ་དང་། དེའི་ནང་འགྲུལ་བ53དང་གྲུ་གཟེངས་སྟེང་གི་ལས་བྱེད་མི་སྣ12འདུས། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན།


བསོད་ནམས་ཚེ་རིང་གིས་བསྒྱུར།