མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་ས་ཁོངས་ཀྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་གྱི་དམིགས་བསལ་སྙན་ཞུ་པ་ཨ་ཨར་པཱ་ནེ་སེ་ཡིས་ཚེས3ཉིན་རྒྱལ་ཁབ་སོ་སོས་དབྱི་སི་རལ་བར་མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་བྱེད་པ་དང་། དབྱི་སི་རལ་བར་གྱི་ཉོ་ཚོང་དང་དངུལ་ལོར་འབྲེལ་བ་གཅོད་དགོས་པའི་འབོད་སྐུལ་བཏང་།
ཨ་ཨར་པཱ་ནེ་སེ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ཚོགས་པའི་སྐབས་ང་དགུ་བའི་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་དེང་རབས་ལོ་རྒྱུས་སྟེང་གི་ཆེས་ཡ་ང་བའི་རིགས་རྒྱུད་ཚར་གཅོད་བྱ་འགུལ་དེར་འགན་ཁུར་དགོས་ཟེར། ཁོ་མོས་རྒྱལ་ཁབ་སོ་སོས་དབྱི་སི་རལ་བར་གྱི་མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་བྱེད་དགོས་པར་མ་ཟད། ཉོ་ཚོང་དང་དངུལ་ལོར་གྱི་གྲོས་ཆོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
ཨ་ཨར་པཱ་ནེ་སེ་ཡིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ཚོགས་པའི་སྐབས་ང་དགུ་བའི་གྲོས་ཚོགས་ལ་སྤྲད་པའི་སྙན་ཞུའི་ནང་བསྟན་དོན། དབྱི་སི་རལ་གྱིས་བཙན་བཟུང་ཐེབས་པའི་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་སུ་ཁེ་ལས་སྡེ་ཁག་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱས་པ་དང་། འབྲེལ་ཡོད་ཁེ་ལས་ཀྱི་བཅའ་ཁྲིམས་འགན་འཁྲི་རྩད་གཅོད་བྱེད་དགོས་ཟེར།
རི་ནེ་ཝ་རུ་སྡོད་པའི་དབྱི་སི་རལ་གྱི་ཕྱི་འབྲེལ་འཐུས་ཚབ་ཚོགས་པས་གཟའ་འཁོར་འདིའི་ནང་བསྟན་དོན། ཨ་ཨར་པཱ་ནེ་སེ་ཡི་སྙན་ཞུ་དེར་བཅའ་ཁྲིམས་ཐད་ནས་གཞི་འཛིན་ས་ཅི་ཡང་མེད་པའི་ངག་ཀྱལ་ཁོ་ན་ཡིན་པ་དང་། དེ་ནི་འགན་དབང་གང་འདོད་དུ་བེད་སྤྱོད་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།