ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཚེས3ཉིན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བའི་སྐབས་སུ་དགོས་ངེས་ཀྱི་འགན་འཁྲི་ཁུར་དུ་ལེན་དགོས་པའི་སྐུལ་མ་བཏང་།
ཨེ་ཅིབ་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཉིན་དེར་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་པཱ་ལོ་ལ་ཁ་པར་གཏོང་སྐབས་གོང་གི་འབོད་སྐུལ་དེ་བཏང་བ་རེད། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་གནས་བབ། དེ་མིན་དབྱི་སི་རལ་དང་དབྱི་ལིང་གིས་འཁྲུག་རྩོད་མཚམས་འཇོག་པའི་ད་ལྟའི་གནས་བབ་སོགས་ལ་གྲོས་བསྡུར་བྱས་ཟེར།
ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་པཱ་ལོ་ལ་མཚམས་སྦྱོར་བྱས་དོན། ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱེད་པའི་ཐད་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། ཅཱ་ཧྲ་ས་ཁུལ་གྱི་སྔ་དུས་ཀྱི་སླར་གསོ་དང་བསྐྱར་འཛུགས་སྐོར་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་བསྐྱར་སྒྲོག་བྱས་དོན། ཨེ་ཅིབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལག་བསྟར་བྱས་ཤིང་། 1967ལོར་དབྱི་སི་རལ་གྱི་དབུས་ཤར་ས་ཁུལ་གྱི་འཐབ་འཁྲུག་ཐེངས་གསུམ་པ་མ་སྤེལ་སྔོན་གྱི་རྒྱལ་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་བཙུགས་ནས། ཕཱ་ལེ་སི་ཐན་གྱི་གནད་དོན་དྲང་བདེན་ངང་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དཔོན་རིགས་ཀྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་རང་ཁོངས་སུ་བསྡུ་བའི་སྐོར་གྱི་གཏམ་བཤད་ལ་རྒོལ་གཏམ་དྲག་པོ་བཏང་།
དབྱི་སི་རལ་དང་དབྱི་ལིང་གི་ཛ་དྲག་གནས་བབ་ཐད་ནས་ཨ་པུའུ་ཏུའུ་ལེ་ཨ་ཐིས་དང་པཱ་ལོ་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། དབྱི་སི་རལ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་པར་འདོད་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་གྲོས་མཐུན་དེ་གཞིར་བཟུང་ནས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དགོས་ལ། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་རོགས་འདེགས་ཐུབ་པའི་ཕྱི་འབྲེལ་གྱི་ཐབས་ལམ་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།