ཀྲུང་གོ་དང་འཇར་མན་གྱིས་སྐོར་ཐེངས་བརྒྱད་པའི་ཕྱི་འབྲེལ་དང་བདེ་འཇགས་འཐབ་ཇུས་གྲོས་མོལ་སྤེལ།
2025.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་ཟླ7པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཏི་ཧྥུའུ་ཨར་གཉིས་ཀྱིས་པའོ་ལིན་ནས་སྐོར་ཐེངས་བརྒྱད་པའི་ཀྲུང་གོ་དང་འཇར་མན་གྱི་ཕྱི་འབྲེལ་དང་བདེ་འཇགས་འཐབ་ཇུས་གྲོས་མོལ་སྤེལ།

ཝང་དབྱེ་ཡིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ཀྱང་ལོ་ངོ་བཅུ་འགོར་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་དང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དེ་གནད་འགག་གི་དུས་རིམ་དུ་གནས་ཡོད་ཅིང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འཕེལ་རྒྱས་བཟང་ན། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་སྐུལ་ཁྲིད་ཐུབ་པར་མ་ཟད། འཛམ་གླིང་ཡོངས་ཀྱི་གཏན་འཇགས་འཕེལ་རྒྱས་ལའང་དོན་སྙིང་གལ་ཆེན་ལྡན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོགས་པ་ཆེན་པོ་གཉིས་པ་དང་གསུམ་པ་ཡིན་པའི་ཆ་ནས། ཀྲུང་གོ་དང་འཇར་མན་གྱིས་རྒྱལ་སྤྱིའི་འགན་འཁྲི་གལ་ཆེན་ཁུར་དུ་བླངས་ཡོད་པ་དང་། ཕྱོགས་སོ་སོའི་རེ་བས་བཅངས་ཡོད་པས། ལག་རྡང་སྦྲེལ་ནས་མཉམ་སྐྱོད་བྱེད་པ་དང་ཕན་ཚུན་བར་ཡིད་ཆེས་བྱེད་པ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྲ་བརྟན་དུ་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་ཁྱད་པར་དུ་སྲུང་སྐྱོབ་རིང་ལུགས་དང་འཛམ་གླིང་ཡོངས་ཀྱི་ལྡོག་ཕྱོགས་ནས་ལངས་པ། ཕྱོགས་གཅིག་གི་བཙན་དབང་བྱ་སྤྱོད་སྤེལ་བ་བཅས་ཀྱི་མདུན་ནས། ཀྲུང་གོ་དང་འཇར་མན་གྱིས་འཐབ་ཇུས་འབྲེལ་འདྲིས་དང་རོགས་རེས་ལ་ཤུགས་སྣོན་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་གཏན་འཇགས་རང་བཞིན་དེས་འཛམ་གླིང་ཡོངས་ལ་གཏན་འཇགས་རང་བཞིན་སྔར་ལས་མང་བོ་ཁ་གསབ་བྱེད་དགོས་ལ། མཉམ་དུ་ཕྱོགས་མང་རིང་ལུགས་དར་སྤེལ་དང་ལག་བསྟར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་བཅས་ལ་སྲུང་སྐྱོབ་བྱས་ཏེ། སྔར་ལས་བློ་གཏད་རུང་བ་དང་གཏན་འཇགས། སྔོན་དཔག་ཐུབ་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འབད་འབུངས་བྱེད་དགོས་ཟེར།

ཝང་དབྱེ་ཡིས་བསྟན་དོན། ཅང་མ་འགོར་བའི་སྔོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་མའོ་ཚི་ལ་ཁ་པར་བཏང་སྟེ། དུས་རིམ་རྗེས་མའི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་དང་གཞི་གདངས་གཏན་འཁེལ་བྱས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱལ་སྤྱིའི་འགྱུར་ལྡོག་བརྒྱུད་དེ་ཐོག་མཐའ་བར་གསུམ་དུ་གཏན་འཇགས་འཕེལ་རྒྱས་སྲུང་འཛིན་བྱས་ཡོད། ཆེས་གལ་ཆེ་བའི་ཉམས་མྱོང་ནི་ཕན་ཚུན་བརྩི་འཇོག་དང་མི་མཐུན་པ་སོར་འཇོག་དང་མཐུན་པ་ཡོང་ཐབས་བྱེད་པ། མཉམ་ལས་མཉམ་རྒྱལ་གྱི་མཉམ་གནས་ཐབས་ལམ་རྒྱུན་འཁྱོངས་བྱས་པས་ཡིན་ལ། དེ་ནི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བཞིན་རྩ་བའི་གཏན་ཚིགས་ཡིན། ཀྲུང་གོ་དང་འཇར་མན་གྱི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ལམ་ལུགས་མི་འདྲ་བས་ཁྱད་པར་ཡོད་པ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ལ། གནད་འགག་ནི་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དྲག་ཏུ་བཏང་ནས་ཕན་ཚུན་ལ་ལྟ་སྟངས་ཡང་དག་འཛིན་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་བར་གྱི་འབྲེལ་བ་དེ་ཀྲུང་གོའི་ཕྱི་འབྲེལ་གྱི་གོ་གནས་གལ་ཆེན་དུ་བཞག་སྟེ། འཇར་མན་སྲིད་གཞུང་གསར་བས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་རྣམ་འགྱུར་བཟང་བོ་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་བྱས་པ་དང་། འཇར་མན་ཕྱོགས་ཀྱིས་སྔོན་ཆད་ཀྲུང་གོས་ཆ་རྐྱེན་ཅི་ཡང་མེད་པར་འཇར་མན་གྱི་གཅིག་གྱུར་ལ་རྒྱབ་སྐྱོར་བྱས་པ་ནང་བཞིན། ཀྲུང་གོས་རྒྱལ་ཁབ་ཀྱི་གཅིག་གྱུར་མངོན་འགྱུར་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱས་ཤིང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་དགོས། འཇར་མན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྲོག་ཤིང་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འཇར་མན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་དགོས་ཟེར།

ཝ་ཏི་ཧྥུའུ་ཨར་གྱིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་ཕན་ཚུན་ཡིད་རྟོན་རུང་བ་དང་སྔོན་དཔག་ཐུབ་པའི་མཉམ་ལས་གྲོགས་པོར་འགྱུར་འདོད་ཡོད། དེང་གི་དུས་རབས་འདིར་ཉམས་ཉེན་དང་འགྲན་རྩོད་ཀྱིས་ཁེངས་ཡོད་པས། འཇར་མན་དང་ཀྲུང་གོས་འབྲེལ་འདྲིས་དང་རོགས་རེས་ཇེ་ཟབ་ཏུ་གཏོང་བར་གལ་འགངས་ཧ་ཅང་ཆེ། རྒྱལ་ཁབ་གཉིས་བར་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གྲོགས་པོའི་འབྲེལ་བའི་རྨང་གཞི་བརྟན་པར་མ་ཟད། གནད་དོན་མང་བོའི་ཐད་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད། དེའི་ཞོར་དུ་ཕན་ཚུན་བརྩི་འཇོག་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་འགྱུར་གྱིས་འགལ་བ་དང་ཁྱད་པར་ཐག་གཅོད་འོས་འཚམ་བྱེད་བཞིན་ཡོད། ཀྲུང་གོའི་བར་གྱི་བརྗེ་རེས་དང་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ། མུ་མཐུད་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱས་ཡོད་ལ། འཇར་མན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་བཞིན་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན། དབུས་ཤར་ས་ཁུལ་གྱི་གནས་བབ། ཕྱོགས་མང་འཐབ་ཇུས་རོགས་ལས་སོགས་ཀྱི་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་དང་། མུ་མཐུད་དུ་འབྲེལ་འདྲིས་མཐུན་སྦྱོར་ཇེ་ཟབ་ཏུ་བཏང་ནས་འཁྲུག་རྩོད་མཚམས་འཇོག་པ་དང་ཞི་བའི་སྒོ་ནས་རྩོད་གླེང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་རྒྱུར་གཅིག་གྱུར་འཐད་པ་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།