རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས4ཉིན་གསལ་སྒྲོག་སྤེལ་ཏེ། ལས་ཁུངས་དེའི་རྟོག་ཞིབ་མི་སྣའི་རུ་ཁག་ཉིན་དེར་བདེ་འཇགས་ངང་དབྱི་ལིང་དང་བྲལ་ནས། ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ལ་ཕྱིར་ལོག
གསལ་སྒྲོག་ལས་བཤད་རྒྱུར། ཉེ་སྔོན་གྱི་དམག་དོན་འཁྲུག་རྩོད་སྐབས་སུ། རུ་ཁག་དེ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་བསྡས་ཡོད་ཟེར།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་གསལ་སྒྲོག་ནང་ཉིང་རྡུལ་ཞིབ་བཤེར་སླར་གསོ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཁོས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གིས་མྱུར་མོར་དབྱི་ལིང་ལ་ལྟ་རྟོག་དང་དཔྱད་ཞིབ་བྱེད་པ་སླར་གསོ་བྱེད་པར་གྲོས་བསྡུར་བྱེད་དགོས་ཟེར།
དབྱི་ལིང་གྲོས་ཁང་གིས་ཟླ6པའི་ཚེས25ཉིན་བཅའ་ཁྲིམས་འཆར་ཟིན་བཀོད་དེ། དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་མཉམ་ལས་མཚམས་འཇོག་པར་གྲོས་འཆམ་བྱུང་། བཅའ་ཁྲིམས་འཆར་ཟིན་དེ་ལས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལྟ་ཞིབ་པ་དབྱི་ལིང་གི་མངའ་ཁོངས་སུ་ཡོང་ནས་དཔྱད་ཞིབ་བྱེད་པར་གཏན་འགོག་བྱས་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་བདེ་འཇགས་དང་དབྱི་ལིང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁེ་དབང་ལ་འགན་སྲུང་བྱེད་ཐུབ་པར་མ་ཟད། དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་ན་ཆོག་པར་གཏན་འཁེལ་བྱས་ཡོད། དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་དེའི་རྗེས་སུ་བཅའ་ཁྲིམས་འཆར་ཟིན་དེར་ཆོག་མཆན་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།