སྐབས་བཅུ་བདུན་པའི་ཨེ་ཤ་ཡཱ་དབུས་ནུབ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ཚེས4ཉིན་ཨ་སེ་པེད་ཅང་གི་ཧན་ཁུན་ཏི་གྲོང་ཁྱེར་ནས་བསྡུས་པ་དང་། བརྗོད་སྙིང་ནི་ཨེ་ཤ་ཡཱ་དབུས་ནུབ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་རྒྱུན་མཐུད་ཐུབ་ཅིང་ནམ་ཟླར་འཚམ་པར་བྱེད་པའི་མ་འོངས་པའི་སེམས་འདུན་གསར་བ་ཞེས་པ་དེ་རེད།
རྩེ་ཚོགས་དེར་ཨ་སེ་པེད་ཅང་གི་སྲིད་འཛིན་ཨ་ལེ་ཡེ་ཧྥུའུ་ཡིས་མགོ་འཛིན་བྱས། ཚོགས་ཞུགས་མགོ་ཁྲིད་པས་ཉོ་ཚོང་རང་དབང་ཅན་དང་ལྷད་མེད་ཚུལ་བསྒྱུར། ནམ་ཟླའི་འགྱུར་ལྡོག འགྲིམ་འགྲུལ་བར་ཁྱམས། ལས་ཁུངས་ཀྱི་ནུས་པའི་འཛུགས་སྐྲུན་སོགས་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། ཨེ་ཤ་ཡཱ་ དབུས་ནུབ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་ནུས་ཁུངས་དང་ཚན་རིག སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། དཀྱེལ་ཡངས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ་བསྐྱར་སྒྲོག་བྱས།
ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པེད་ཅང་གི་དངུལ་གཏོང་ཁོར་ཡུག་བཟང་ཞིང་། འདས་པའི་ལོ་ངོ་ཉི་ཤུའི་རིང་ལ། མེ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་ལྔ་ཙམ་གྱི་དངུལ་གཏོང་ཐོབ་ཡོད་པ་དང་། དེའི་ནང་ཕྱེད་ཀ་ཙམ་ནི་ཕྱི་རྒྱལ་གྱི་དངུལ་གཏོང་ཡིན། ཨ་སེ་པེད་ཅང་གིས་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་མང་བོར་བརྟེན་ནས་རྒྱལ་ཁབ12ལ་རང་བྱུང་སོལ་རླངས་ཕྱིར་གཏོང་བྱེད་བཞིན་ཡོད་ཟེར།
རྩེ་ཚོགས་ལས་ད་རུང་ཨེ་ཤ་ཡཱ་ཤར་ལྷོ་མ་དང་དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་གྲོས་བསྡུར་བྱས། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་དབྱི་ལིང་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་མཚམས་བཞག་པར་དགའ་བསུ་ཞུས་པ་དང་། དེ་ནི་གནས་བབ་ཞི་འཇགས་སུ་གཏོང་བའི་གོ་རིམ་ཞིག་ཡིན་པར་འདོད་ལ། ཉིང་རྡུལ་ནུས་པའི་མཚོན་ཆ་མེད་པའི་གཏོང་བའི་ས་ཁུལ་གྱི་རྒྱ་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།
ཨེ་ཤ་ཡཱ་དབུས་ནུབ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་དབྱི་ལིང་དང་ཕཱ་ཁི་སི་ཐན། ཐུར་ཁེ་བཅས་རྒྱལ་ཁབ་གསུམ་གྱིས1985ལོར་གྲོས་གཞི་བཏོན་ནས་བཙུགས་པའི་ས་ཁོངས་རང་བཞིན་གྱི་སྲིད་གཞུང་བར་གྱི་རྩ་འཛུགས་ཤིག་ཡིན་པ་དང་། དམིགས་ཡུལ་ནི་ཁོངས་གཏོགས་རྒྱལ་ཁབ་དག་གི་བར་གྱི་དཔལ་འབྱོར་དང་ལག་རྩལ། རིག་གནས་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་རེད། ཨ་ཧྥུའུ་ཧན་དང་ཨ་སེ་པེད་ཅང་། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཐཱ་ཅི་ཁི་སི་ཐན། ཐུའུ་ཁུའུ་མན་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས1992ལོར་རྩ་འཛུགས་དེར་ཞུགས་པ་ཡིན་ལ། རྩ་འཛུགས་དེའི་སྤྱི་ཁྱབ་པུའུ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།