འཇར་མན་གྱི་མེ་ལོང་ཞེས་པའི་གཟའ་འཁོར་དུས་དེབ་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས4ཉིན་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཡོད་ལ། ཁྱད་པར་དུ་ཝུའུ་ཁི་ལན་གྱི་མཁའ་སྲུང་ནུས་པར་ཇི་ལྟར་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས་པར་མ་ཟད། ཉོ་ཚོང་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།
བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ཁ་པར་གྲོས་མོལ་བྱེད་སྐབས་བྱེ་བྲག་གི་གནད་དོན་ལ་དམ་བཅའ་ཅི་ཡང་བྱས་མེད་ཟེར།
འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་མགྲིན་ཚབ་པ་ཁི་ནེ་ལིའུ་སི་ཡིས་ཚེས4ཉིན་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འདས་པའི་ཉིན་འགའི་ནང་མའོ་ཚི་ཡིས་ཐེངས་མང་བོར་ཁ་པར་གྲོས་མོལ་བྱེད་སྐབས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པར་སྐུལ་འདེད་བཏང་བ་དང་། ཁྱད་པར་དུ་ཝུའུ་ཁི་ལན་གྱི་མཁའ་སྲུང་ནུས་པར་ཤུགས་སྣོན་བྱེད་པ་གླེང་མྱོང་ཟེར། ཡིན་ཡང་ཁོས་མའོ་ཚི་ཡིས་བྱེ་བྲག་ཏུ་སུ་དང་ཁ་པར་གྲོས་མོལ་བྱས་པ་གསལ་བོར་བཤད་མེད།
ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་སྐོར་ཞིག་མཚམས་བཞག་པའི་གནས་ཚུལ་འདྲི་སྐབས། ཁི་ནེ་ལིའུ་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་སྐོར་ཞིག་འདོན་སྤྲོད་བྱེད་མཚམས་བཞག་པ་ལས་ཝུའུ་ཁི་ལན་གྱི་མཁའ་སྲུང་མ་ལག་ལ་ཆད་སྐྱོན་ཤོར་ཡོད་པ་དང་། ཆད་སྐྱོན་དེ་ཁ་གསབ་བྱེད་ཆེད། འཇར་མན་སྲིད་གཞུང་གིས་ཨ་མེ་རི་ཁ་ནས་རྒྱལ་གཅེས་མཁན་ཞེས་པའི་མཁའ་སྲུང་མ་ལག་ཉོ་བསྡུ་བྱས་རྗེས་ཝུའུ་ཁི་ལན་ལ་བརྒྱུད་སྤྲོད་བྱེད་པ་དེ་ཡང་བྱེད་ཐབས་ཤིག་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།