ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཕྱོགས་བཞིའི་བདེ་འཇགས་གྲོས་མོལ་བརྒྱུད་དེ་ཁྲའོ་ཞན་ལ་དཀྲུག་འཕེན་བྱས་པར་རྒོལ་གཏམ་བཏང་།
2025.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས3ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁས་ཕྱོགས་བཞིའི་བདེ་འཇགས་གྲོས་མོལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་བརྒྱུད་ནས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གནད་དོན་གླེང་བ་དང་། ཡང་བསྐྱར་ཁྲའོ་ཞན་ལ་ཆབ་སྲིད་དཀྲུག་འཕེན་ཚབས་ཆེན་བྱས་ཡོད་ཟེར།

གཏམ་བཤད་སྤེལ་སྐབས་བསྟན་དོན། ཁྲའོ་ཞན་ལ་ཉིང་རྡུལ་ནུས་པ་ཡོད་པའི་རྒྱལ་ཁབ་ཀྱི་གོ་གནས་བསྒྱུར་ཐབས་མེད་ཟེར། ཨ་མེ་རི་ཁས་ཁྲའོ་ཞན་གྱི་མིག་སྔའི་གོ་གནས་ཁས་ལེན་མི་བྱེད་པའི་གཡོ་ཇུས་དེ་ནི་བདག་དབང་ལ་གནོད་པ་སྐྱེལ་བའི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པར་མ་ཟད། ས་ཁུལ་གྱི་གཏན་འཇགས་མིན་པ་དང་སྔར་ལས་ཛ་དྲག་ཆེ་བའི་གནས་བབ་ཐད་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་རེད་ཟེར།

གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ཕྱོགས་བཞིའི་བདེ་འཇགས་གྲོས་མོལ་སོགས་གཞན་པར་བར་ཐག་འཛིན་པའི་གྲངས་ཉུང་སྡེ་ཚོགས་ལ་བརྟེན་ནས་བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་། ཟིང་འཁྲུག་སློང་བར་ངན་སྐུལ་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བའི་གཏན་འཇགས་མིན་པའི་སྣང་ཚུལ་བཟོ་བའི་བཙན་དབང་བྱ་སྤྱོད་དེ་ནི་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ལ་བར་ཆད་བཟོ་བའི་ཉེན་ཁའི་རྒྱུ་གཙོ་བོ་ཡིན་ཟེར།

གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་ཕྱོགས་མང་དམག་དོན་མནའ་མཐུན་ལ་ཤུགས་སྣོན་པའི་བྱ་འགུལ་དང་། བཙན་འཛུལ་རང་བཞིན་གྱི་ངོ་བོ་མངོན་གསལ་ལྡན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སོགས་དཀྲུག་འཕེན་རང་བཞིན་གྱི་དམག་དོན་བྱ་འགུལ་སྣ་ཚོགས་ལ་དམིགས་ཏེ། ལག་བསྟར་བྱེད་ཆོག་པའི་རང་སྲུང་བྱེད་ཐབས་ལག་བསྟར་བྱེད་པ་ནི་ཁྲའོ་ཞན་གྱི་བདག་དབང་ཁྱབ་ཁོངས་སུ་གཏོགས་ཟེར།

ས་དེའི་ཟླ7པའི་ཚེས1ཉིན། ཨ་མེ་རི་ཁ་དང་ཨོ་སི་ཁྲུ་ལི་ཡཱ། རྒྱ་གར། འཇར་པན་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་ཕྱོགས་བཞིའི་བདེ་འཇགས་གྲོས་མོལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་བསྡུས་པ་དང་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་པའི་ཐད་འབད་འབུངས་བྱེད་རྒྱུ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།