ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཡང་བསྐྱར་བཟུང་དམག་བརྗེ་སྤོར་བྱས།
2025.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས4ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཚེས4ཉིན་ཡང་བསྐྱར་བཟུང་དམག་བརྗེ་སྤོར་བྱས་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཟླ6པའི་ཚེས2ཉིན་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་དབྱི་སི་ཐན་པོར་ནས་བཀོད་པའི་འབྲེལ་ཡོད་གྲོས་མཐུན་ལྟར། ཚེས4ཉིན་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཡང་བསྐྱར་བཟུང་དམག་བརྗེ་སྤོར་བྱས་ཡོད་ཟེར།

བརྗེ་སྤོར་བྱས་པའི་ཨུ་རུ་སིའི་དམག་མི་དག་གིས་ཨུ་རུ་སི་དཀར་པོའི་མངའ་ཁོངས་སུ་དགོས་ངེས་ཀྱི་སེམས་ཁམས་དང་སྨན་བཅོས་རོགས་སྐྱོར་དང་ལེན་བྱེད་བཞིན་ཡོད་པ་དང་། དེའི་རྗེས་སུ་ཕྱིར་ཨུ་རུ་སི་རུ་ལོག་རྒྱུ་རེད་ཟེར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་སྤྱི་སྒྲོག་ལས་བརྗེ་སྤོར་བྱས་པའི་བཟུང་དམག་གི་ཁ་གྲངས་གླེང་མེད།

ཝུའུ་ཁི་ལན་གྱི་བཟུང་དམག་ཐོབ་ཐང་མཐུན་སྦྱོར་སྤྱི་ཁྱབ་པུའུ་ཡིས་ཚེས4ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཉིན་དེར་ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་དབྱི་སི་ཐན་པོར་གྱི་གྲོས་མོལ་ནས་བཀོད་པའི་ཐུན་མོང་ལྟ་ཚུལ་གཞིར་བཟུང་ནས་ཡང་བསྐྱར་བཟུང་དམག་བརྗེ་སྤོར་བྱས་པ་དང་། ཕྱིར་བཏང་བའི་ཝུའུ་ཁི་ལན་གྱི་དམག་མིར་མཚོ་དམག་དང་སྐམ་དམག རྒྱལ་ཁོངས་འགོག་སྲུང་དམག་དཔུང་། དམིགས་བསལ་དམག་དཔུང་། རྒྱལ་དམངས་ཉེན་སྲུང་རུ་ཁག དེ་མིན་རྒྱལ་ཁབ་མཐའ་སྲུང་ཅུའུ་དང་དམིགས་བསལ་སྐྱེལ་འདྲེན་ཅུའུ་བཅས་ཀྱི་དམག་མི་འདུས་ཡོད་ཅིང་། དམག་མི་ཡོད་པར་མ་ཟད་དམག་དཔོན་ཀྱང་ཡོད། བཟུང་དམག་མང་ཆེ་བ་ལོ་ངོ3ཡན་ལ་བཀག་འཇུག་བྱས་ཡོད་ལ། ཕྱིར་བཏང་བའི་མི་སྣས་དགོས་ངེས་ཀྱི་གསོ་རིག་བརྟག་དཔྱད་དང་ཁམས་གསོའི་གསོ་བཅོས་དང་ལེན་བྱེད་དགོས་ཟེར།

ཝུའུ་ཁི་ལན་གྱི་བཟུང་དམག་ཐོབ་ཐང་མཐུན་སྦྱོར་སྤྱི་ཁྱབ་པུའུ་ཡིས་བསྟན་དོན། དབྱི་སི་ཐན་པོར་གྱི་གྲོས་མོལ་ནས་བཀོད་པའི་ཐུན་མོང་ལྟ་ཚུལ་གཞིར་བཟུང་ནས། ཝུའུ་ཁི་ལན་དང་ཨུ་རུ་སིའི་བཟུང་དམག་བརྗེ་སྤོར་འགུལ་སྐྱོད་སྤེལ་བཞིན་ཡོད་པ་དང་། བྱེ་བྲག་གི་བརྗེ་སྤོར་མི་སྣའི་ཁ་གྲངས་དེ་བཟུང་དམག་བརྗེ་སྤོར་འགུལ་སྐྱོད་མཇུག་སྒྲིལ་རྗེས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།