ཙེ་ལིན་སི་ཅི་དང་ཐི་ལིང་ཕུའུ་ཡིས་དམག་དོན་རོགས་སྐྱོར་གནད་དོན་ཐད་ནས་གྲོས་མོལ་བྱས།
2025.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་ཚེས4ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡེ་ཨར་མཱ་ཁི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཉིན་དེར་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས་ཟེར།

ཡེ་ཨར་མཱ་ཁི་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། དེ་ནི་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་བར་གྱི་ཆེས་གལ་ཆེ་ཞིང་དོན་སྙིང་ཆེ་བའི་གྲོས་མོལ་ཅིག་ཡིན་པ་དང་། བྱེ་བྲག་གི་ནང་དོན་མི་འགྱངས་པར་ཁྱབ་བསྒྲགས་བྱེད་ངེས་ཡིན་ཟེར།

གཞན་ཡང་ཨ་མེ་རི་ཁའི་གསར་འགྱུར་དྲ་ཚིགས་ཨ་ཁི་ཞི་ཨོ་སི་ཡིས་བསྒྲགས་པ་ལྟར་ན། ཁ་པར་གྲོས་མོལ་དེ་སྐར་མ40ཙམ་འགོར་བ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནས་བབ་དང་། དེམིན་ཝུའུ་ཁི་ལན་གྱི་མཁའ་སྲུང་དངོས་རྫས་ཀྱི་གནད་དོན་སོགས་ལ་གྲོས་བསྡུར་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།