ཨུ་རུ་སིའི་ས་ཁུལ་མང་བོར་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས།
2025.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས5ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ས་ཁུལ་མང་བོར་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་རིམ་བརྩིས་ཀྱིས་མི་མེད་གནམ་གྲུ100ལྷག་སར་འཕངས་ཡོད་ཟེར། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཨུ་རུ་སིའི་དམག་བཀོལ་གནམ་གྲུ་ཐང་ཞིག་ལ་འཇབ་རྒོལ་བྱས་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ལ་བར་སྣང་འཇབ་རྒོལ་བྱེད་པའི་ནུས་པ་ཇེ་ཞན་དུ་བཏང་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ས་དེའི་ཚེས4ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་ནས་ཚེས5ཉིན་གྱི་ཞོགས་པའི་དུས་ཚོད་དགུ་དང་སྐར་མ་བཞི་བཅུའི་བར། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་མའོ་སི་ཁོ་མངའ་སྡེ་དང་། ཨོ་ལོ་ནེ་རི་མངའ་སྡེ། པུའུ་ལིང་སི་ཁི་མངའ་སྡེ། པེ་ཨར་ཀི་ལོ་ཏི་མངའ་སྡེ། ཁུའུ་ཨར་སི་ཁི་མངའ་སྡེ་སོགས་ས་ཁུལ་བཅུ་ལྷག་ནས་མི་མེད་གནམ་གྲུ100ལྷག་སར་འཕངས་ཡོད་ཟེར།

མའོ་སི་ཁོ་གྲོང་ཁྱེར་གྱི་ཧྲི་ཀྲང་སོ་པུས་ཡཱ་ཉིང་གིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། མའོ་སི་ཁོ་རུ་འཇབ་རྒོལ་བྱེད་རྩིས་ཡོད་པའི་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་སར་འཕངས་ཡོད་ཟེར། ཨོ་ལོ་ནེ་རི་མངའ་སྡེའི་མགོ་ཁྲིད་པ་ཀུའུ་ཞེ་ཧྥུའུ་ཡིས་ཀྱང་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། མངའ་སྡེ་དེར་ཚེས5ཉིན་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཀྱང་མི་སྣར་ཤི་རྨས་བཟོས་མེད་ཟེར།

གཞན་ཡང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་སྐྱེལ་འདྲེན་ཁང་གིས་ཚེས5ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་གནམ་གྲུ་ཐང་མང་བོར་ཉིན་དེར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པའི་ཉེན་བརྡའི་དབང་གིས་གནས་སྐབས་སུ་གནམ་གྲུ་འཕུར་འབབ་ལ་ཚོད་འཛིན་བྱས་ཡོད་ཟེར།

ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས5ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཨོ་ལོ་ནེ་རི་མངའ་སྡེའི་པའོ་ལི་སོ་ཀི་ལེ་པུའུ་སི་ཁི་དམག་བཀོལ་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ལ་བར་སྣང་འཇབ་རྒོལ་བྱེད་པའི་ནུས་པ་ཇེ་ཞན་དུ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།