ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས5ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི62རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲའི་དབུས་ཕྱོགས་ནོའུ་སེ་ལའེ་ཐི་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར། དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་བྱང་ངོས་ཀྱི་ཅཱ་ཧྲ་མཁར་དང་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་སོགས་ས་ཁུལ་དུ་འགས་གཏོར་བཏང་སྟེ་མི་སྣར་ཤི་རྨས་བཟོས་ཡོད། ཅཱ་ཧྲའི་ལྷོ་ངོས་ཀྱི་ལཱ་ཧྥ་ས་ཁུལ་གྱི་རོགས་སྐྱོར་དངོས་རྫས་སྟེར་ས་ཞིག་གི་ཉེ་འདབས་ནས། དབྱི་སི་རལ་གྱི་དམག་དཔུང་གིས་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི9རྐྱེན་ལམ་དུ་ཤོར་བ་དང་། མི40ལྷག་ལ་རྨས་ཕོག་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་གོང་ནས་བསྒྲགས་པའི་གནས་ཚུལ་དེར་རྣམ་འགྱུར་ཅི་ཡང་བསྟན་མེད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས5ཉིན་གསལ་སྒྲོག་སྤེལ་ཏེ། མེ་ཤུགས་འཕུར་མདའ་གཉིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་ནས་དབྱི་སི་རལ་དུ་གཏོང་འཕེན་བྱས་པ་དབྱི་སི་རལ་གྱི་མཁའ་དམག་གིས་བཀག་འགོག་བྱས་སྟབས། མིག་སྔར་མི་སྣ་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།