སྐབས་གསུམ་པའི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ལྗང་མདོག་མ་འོངས་པ་དང་དཔལ་ཡོན་དཔེར་ལེན་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པཱ་ཞི་ནས་བསྡུས།
2025.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་ཚེས4ཉིན། སྐབས་གསུམ་པའི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ལྗང་མདོག་མ་འོངས་པ་དང་དཔལ་ཡོན་དཔེར་ལེན་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་ནས་བསྡུས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན། པཱ་ཞིའི་མུས་ནཱ་སི་ཅི་ལཱ་སི་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན། ཀྲུང་གོའི་མི་དམངས་སློབ་ཆེན། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་དང་པཱ་ཞི། ཨ་ཀིན་ཐིན། ཁོ་སི་ཐཱ་རེ་ཁཱ། ཕེ་རུ་སོགས་རྒྱལ་ཁབ་ཀྱི་ཆེད་མཁས་པ་བརྒྱ་ཕྲག་ཙམ་གྱིས་གྲོས་ཚོགས་ཀྱི་བརྗོད་སྙིང་སྟེ་ལྗང་མདོག་འཕེལ་རྒྱས་དང་དཔལ་ཡོན་མཉམ་སྤྱོད་བྱེད་པའི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་མཉམ་ལས་གོ་སྐབས་གསར་བ་ཞེས་པའི་ཐད་ནས་ཐབས་ཇུས་བཟང་བོ་མཉམ་འདོན་བྱས།

ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཀྲུང་གོའི་མི་དམངས་སློབ་ཆེན་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་སློབ་གླིང་གི་དགེ་རྒན་ཆེན་མོ་ལིའུ་ཅིན་ལུང་གིས་མཚམས་སྦྱོར་བྱས་དོན། ཐེངས་འདིའི་གྲོས་ཚོགས་ནས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་དང་འཕེལ་རྒྱས་ལག་ལེན། ནུས་ཁུངས་ཚུལ་བསྒྱུར། སྐྱེ་དངོས་སྣ་མང་ཅན་ལ་ཕན་པའི་ཟས་རིགས་ཉོ་ཚོང་དང་མཁོ་འདོན་མུ་འབྲེལ། ལྗང་མདོག་དཔལ་ཡོན་བརྗེ་རེས་དང་དཔེར་ལེན་སོགས་ཀྱི་གྲོས་གཞི་གནད་དུ་བཟུང་ཡོད་ཟེར། ཁོས་བསྟན་དོན། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ཚན་རིག་ལས་རིགས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་ལས་བྱེད་དགོས་པ་དང་། མི་དང་རང་བྱུང་ཁམས་གཏིང་ཟབ་ཏུ་འདྲིས་པར་བྱེད་པ་མངོན་འགྱུར་བྱེད་པའི་བློ་གྲོས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། མཉམ་དུ་ལྗང་མདོག་གི་མ་འོངས་པ་བསྐྲུན་དགོས་ཟེར།

པཱ་ཞིའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཁོར་ཡུག་དང་ཡཱ་མཱ་སུན་ཐེབས་རྩའི་ཀྲུའུ་ཞི་ཁཱ་ཏི་ལི་ཡིས་བསྟན་དོན། ན་ནིང་པཱ་ཞིའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཐོག་དང་པོར་ལྗང་མདོག་ལག་རྩལ་ཁྱབ་ཁོངས་ཀྱི་ཁེ་ལས་ལ་མ་དངུལ་འདོན་སྤྲོད་བྱས་པ་དང་། དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཟེར། ཁོས་བསྟན་དོན། པཱ་ཞི་རུ་དངུལ་གཏོང་བྱེད་པའི་ཀྲུང་གོའི་ཁེ་ལས་ཀྱིས་བཟོ་ལས་ས་ཁུལ་དུ་མ་དངུལ་བཏང་བར་མ་ཟད། ནགས་ཚལ་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཁྱབ་ཁོངས་སུའང་འགྲོ་སོང་མང་བོ་བཏང་ཡོད། དེ་ལས་པཱ་ཞི་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་གྲོས་མོལ་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས། དེ་མིན་ཡང་བསྐོར་བསྐྱར་བསྐོར་ཐུབ་པའི་ཐག་གཅོད་ཇུས་གཞི་བཅས་ལ་བརྟེན་ནས་འགྲན་རྩོད་ཐག་གཅོད་དང་འདྲ་མཉམ་མིན་པའི་སྣང་ཚུལ་མེད་པར་གཏོང་བ་སོགས་ཀྱི་ཐུན་མོང་དམ་བཅའ་མངོན་པར་བྱས་ཡོད་ཟེར།

ཚོགས་ཞུགས་ཀྱི་ཆེད་མཁས་པ་དང་སྐུ་མགྲོན་དག་གིས་རྒྱུན་མཐུད་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་གྱི་སྲིད་ཇུས་དང་བཅོས་སྐྱོང་ཞེས་པ་དང་། ལྗང་མདོག་དཔལ་འབྱོར་དང་ནུས་ཁུངས་ཚུལ་བསྒྱུར། ནམ་ཟླའི་འགྱུར་ལྡོག་གནས་བབ་འོག་གི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ཞིང་ལས་ཉོ་ཚོང་དང་ནགས་ཚལ་སྲུང་སྐྱོབ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ལྗང་མདོག་མ་འོངས་པ་དང་དཔལ་ཡོན་དཔེར་ལེན་བཅས་བརྗོད་སྙིང་བཞིའི་ཐད་ནས་གྲོས་བསྡུར་བྱས་པ་དང་། ཀྲུང་གོ་དང་ལཱ་ཏེན་མེ་གླིང་ཕྱོགས་གཉིས་ཀྱི་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་ཅན་ལ་ཕན་པའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་། ནུས་ཁུངས་ཚུལ་བསྒྱུར་སོགས་ཀྱི་ཐད་ནས་བརྗེ་རེས་བྱས་ཏེ་ཐུན་མོང་ལྟ་ཚུལ་འགོད་པར་སྐུལ་འདེད་བཏང་།

གྲོས་ཚོགས་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏུང་ཁང་གིས་བསྟན་དོན། ཀྲུང་གོ་དང་ལཱ་ཏེན་མེ་གླིང་། ཅཱ་ལེ་པུས་ས་ཁུལ་གྱི་རྒྱལ་ཁབ་བཅས་ནི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་གི་ཟབ་ཞུགས་མཁན་དང་། ལག་ལེན་མཁན། མཉམ་སྐྱོད་མཁན། བྱས་རྗེས་འཇོག་མཁན་བཅས་ཡིན་ཟེར།

མུས་ནཱ་སི་ཅི་ལཱ་སི་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་སློབ་གཙོ་གཞོན་པ་སཱ་ལེ་པཱ་ཡིས་བསྟན་དོན། པཱ་ཞི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་དམ་ཟབ་ཡིན་པས། ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་དང་རྒྱུན་མཐུད་འདྲ་མཉམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་མང་བོ་བྱུང་ཡོད། མིག་སྔའི་འཛམ་གླིང་ཡོངས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་འོག པཱ་ཞི་དང་ཀྲུང་གོས་སྔར་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཤིག་གསར་བསྐྲུན་བྱེད་པར་སྟོབས་ཤུགས་བཏོན་ཆོག་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།