ཨ་མེ་རི་ཁའི་རང་བཙན་ཉིན་མོར་ས་ཁུལ་མང་བོ་ནས་ཐི་ལིང་ཕུའུ་སྲིད་གཞུང་ལ་ངོ་རྒོལ་བྱས།
2025.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་ཚེས4ཉིན། ཨ་མེ་རི་ཁའི་ས་ཁུལ་མང་བོ་ནས་ཐི་ལིང་ཕུའུ་སྲིད་གཞུང་གི་གནས་སྤོར་སྡོད་དམངས་དང་དཔལ་འབྱོར། ཕྱི་འབྲེལ་སོགས་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། བསྡོམས་པས་ངོ་རྒོལ་བྱ་འགུལ་ལ་ཞུགས་མཁན་མི་འབུམ་ཕྲག་འགའ་ཡོད་ཟེར།

ཉིན་དེར་ཀྲི་ཅཱ་ཀི་ནས་ལོ་ཧྲན་ཅིའི་བར་དང་། ཧྥོ་ཅི་ནེ་ཡཱ་མངའ་སྡེའི་ལོ་ཨ་ནོའུ་ཁི་ནས་ལྷོ་ཕྱོགས་ཀྱི་ཏཱ་ཁི་ཐཱ་མངའ་སྡེའི་སུའུ་ཧྥུའུ་ཨར་སི་ནས་ཨིག་ལེ་ཀང་མངའ་སྡེའི་ཡུག་ཅིན་བར། ཨ་མེ་རི་ཁའི་ས་ཁུལ་མང་བོར་གཞི་རྒྱ་མི་འདྲ་བའི་ངོ་རྒོལ་བྱ་འགུལ་སྤེལ། རྔམ་སྟོན་ཁྲོམ་སྐོར་མཁན་རྣམས་སྲང་ལམ་དུ་སོང་ནས་ལག་ཏུ་འཕྲེད་བྱང་བཟུང་སྟེ། ཐི་ལིང་ཕུའུ་སྲིད་གཞུང་གི་ཕྱི་ནང་གི་སྲིད་ཇུས་རབ་དང་རིམ་པར་མི་དགའ་བའི་ཚུལ་བསྟན།

ངོ་རྒོལ་བྱ་འགུལ་དེ་ནི་མངའ་སྡེ་ལྔ་བཅུ་ནས་ངོ་རྒོལ་ལས་འགུལ་སྤེལ་བའི་རྩ་འཛུགས་ཀྱིས་སྤེལ་བ་ཡིན་ཞིང་། བརྗོད་སྙིང་ནི་ཨ་མེ་རི་ཁ་བཅིངས་འགྲོལ་བྱེད་དགོས་ཞེས་པ་དེ་ཡིན། རྩ་འཛུགས་མཁན་གྱིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཚེས4ཉིན་གྱི་ངོ་རྒོལ་བྱ་འགུལ་ལས་གཙོ་བོ་རེ་འདོད་ཆེན་པོ་བཞི་བཏོན་ཡོད་དེ། ཨ་མེ་རི་ཁ་དེ་འདོད་རྔམ་ཆེ་བའི་ཕྱུག་བདག་གི་ལག་ནས་བཅིངས་འགྲོལ་བྱེད་དགོས་པ་དང་། ཨ་མེ་རི་ཁ་དེ་དབུལ་ཕོངས་ལས་བཅིངས་འགྲོལ་བྱེད་དགོས། ཨ་མེ་རི་ཁ་དེ་གང་འདོད་དུ་བསྐོ་འཐེན་བྱེད་པ་དང་ཁྲིམས་འགལ་གྱི་སྲིད་དོན་བཀའ་རྒྱའི་ཁྲོད་ནས་བཅིངས་འགྲོལ་བྱེད་དགོས་ལ། ཨ་མེ་རི་ཁ་དེ་འཁོན་སེམས་དང་འཇིགས་དངངས་ཀྱི་ཆབ་སྲིད་ཀྱི་ལྕགས་སྒྲོག་ལས་བཅིངས་འགྲོལ་བྱེད་དགོས་པ་བཅས་རེད།

ཐེངས་འདིའི་ངོ་རྒོལ་བྱ་འགུལ་དེ་ཚེས4ཉིན་ནས་ཚེས6ཉིན་བར་ཨ་མེ་རི་ཁའི་རང་བཙན་ཉིན་མོའི་གནང་བའི་སྐབས་སུ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། ས་ཁུལ་མང་བོ་ནས་བྱ་འགུལ་སུམ་བརྒྱ་ལྷག་སྤེལ་རྒྱུ་ཡིན་ལ། ཟླ་དྲུག་པར་ཨ་མེ་རི་ཁའི་མངའ་ཁོངས་ཧྲིལ་བོ་ནས་སྤེལ་བའི་ངོ་རྒོལ་བྱ་འགུལ་ཚབས་ཆེན་ཞིག་ཡིན་པ་རེད།

འདུ་ཚོགས་དང་རྔམ་སྟོན་ཁྲོམ་སྐོར་ལས་གཞན། རྩ་འཛུགས་མཁན་གྱིས་ད་རུང་སྡེ་ཁུལ་དུ་སྤྲོ་ཚོགས་བསྡུ་བ་དང་འཕྲེད་བྱང་འཐེན་པ། སྒྱུ་རྩལ་བརྩམས་ཆོས་སོགས་བྱ་འགུལ་རིགས་གཞན་པ་སྤེལ་བ་རེད།

ཟླ6པའི་ཚེས14ཉིན། ཨ་མེ་རི་ཁའི་ས་ཁུལ་མང་བོར་རྔམ་སྟོན་ཁྲོམ་སྐོར་སྟོང་གཉིས་ཙམ་བྱུང་སྟེ། ཐི་ལིང་ཕུའུ་སྲིད་གཞུང་གི་གནས་སྤོར་སྡོད་དམངས་དང་འཕྲོད་བསྟེན། སློབ་གསོ། ཁྲིམས་འཛུགས་སོགས་ཐད་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་དང་། བསྡོམས་པས་མི་ས་ཡ་འགའ་ཁྲོམ་སྐོར་ལ་ཞུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།