སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས5ཉིན་བསྒྲགས་པ་ལྟར་ན། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་ཀྱིས་ཉིན་དེར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འཚམས་འདྲི་བྱས་པ་དང་། སི་རི་ཡཱའི་སྲིད་དབང་གི་མགོ་ཁྲིད་པ་ཧྲ་ལཱ་དང་ཕྱི་འབྲེལ་སྡེ་ཁག་གི་འགན་ཁུར་བ་ཞེ་པཱ་ནེ་གཉིས་ལ་སོ་སོར་གྲོས་མོལ་བྱས་ཟེར།
སི་རི་ཡཱའི་སྨྱན་བྱད་ཀྱིས་དབྱིན་ཇིའི་སྲིད་གཞུང་གིས་སྤེལ་བའི་གསལ་སྒྲོག་ཅིག་དྲངས་ནས་བསྒྲགས་པ་ལྟར་ན། དེ་ནི་དབྱིན་ཇིའི་པུའུ་ཀྲང་རིམ་པའི་དཔོན་རིགས་ཀྱིས་ལོ་ངོ14རིང་ཐོག་དང་པོར་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་རེད་ཟེར། ལཱ་མུས་ཀྱི་ཐེངས་འདིའི་འཚམས་འདྲི་ལས་སི་རི་ཡཱའི་དུས་འགྱུར་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་འཚོལ་བྱེད་པ་རེད། ཞེ་པཱ་ནེ་དང་ལཱ་མུས་ཀྱིས་སི་རི་ཡཱ་དང་དབྱིན་ཇིའི་འབྲེལ་བར་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་སེམས་ཁུར་བྱེད་པའི་ཁྱབ་ཁོངས་ནས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
དབྱིན་ཇིའི་སྲིད་གཞུང་གི་གསལ་སྒྲོག་ལྟར་ན། ལཱ་མུས་ཀྱིས་ཞེ་པཱ་ནེ་དང་ཧྲ་ལཱ་གཉིས་དང་གྲོས་མོལ་བྱས་རྗེས། གཏན་འཇགས་ཀྱི་སི་རི་ཡཱ་ཞིག་བཙུགས་ནས་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་ཀྱི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ་པ་དང་། རྫས་འགྱུར་མཚོན་ཆ་མེད་པར་གཏོང་བར་འགན་སྲུང་བྱེད་ཐུབ་ལ། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་ཐུབ་ཟེར། ལཱ་མུས་ཀྱིས་བསྐྱར་སྒྲོག་བྱས་དོན། སི་རི་ཡཱ་ཡིས་དཀྱེལ་ཡངས་དང་འཐུས་ཚབ་རང་བཞིན་ལྡན་པའི་ཆབ་སྲིད་བར་བརྒལ་མངོན་འགྱུར་བྱེད་དགགོས་ཟེར།
གཞན་ཡང་སི་རི་ཡཱའི་བརྙན་འཕྲིན་ཁང་གིས་ཉིན་དེར་སི་རི་ཡཱའི་ཕྱི་འབྲེལ་སྡེ་ཁག་གི་གནས་ཚུལ་དྲངས་ནས་བསྒྲགས་པ་ལྟར་ན། སི་རི་ཡཱ་དང་དབྱིན་ཇི་ཕྱོགས་གཉིས་ཀྱིས་དབྱིན་ཇི་རུ་སྡོད་པའི་སི་རི་ཡཱའི་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་བྱེད་པར་ཡིད་འཐད་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱ་དང་དབྱིན་ཇིའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་བཙུགས་ནས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་། དེ་ལས་གཞན་དབྱིན་ཇི་ཡིས་ཉིན་དེར་སི་རི་ཡཱ་ལ་དབྱིན་ཇིའི་སྒོར་མོ་བྱེ་བ་དགུ་དང་ས་ཡ་བཞི་འབུམ་ལྔའི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཁ་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།