ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ངོ་རྒོལ་ཏང་གི་ཧྲི་ཀྲང་གསུམ་བཀག་བསྐྱིལ་བྱས།
2025.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཨ་ཏཱ་ནཱ་དང་ཨ་ཏི་ཡཱ་མན། ཨན་ཐཱ་ལེ་ཡཱ་བཅས་གྲོང་ཁྱེར་གསུམ་གྱི་ཧྲི་ཀྲང་རྩ་འཛུགས་ཡོད་པའི་ནག་ཉེས་དང་ལྐོག་བརྔན་ཟོས་པ། དངུལ་གཏོང་འགྲན་རྩོད་ལ་ངན་འབྲེལ་བྱས་པ་སོགས་ཀྱི་སྐྱོན་འཛུགས་དབང་གིས་ཚེས5ཉིན་ཉེན་རྟོག་ཕྱོགས་ཀྱིས་བཀག་འཇུག་བྱས་ཏེ་འདྲི་གཅོད་བྱས།

ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཞིབ་དཔྱོད་ཕྱོགས་ཀྱིས་སྤེལ་བའི་འཛིན་བཟུང་བཀའ་རྒྱ་ལྟར། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་སོ་སོར་ཨ་ཏཱ་ནཱ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁཱ་ལཱ་ལཱ་ཨར་དང་། ཨ་ཏི་ཡཱ་མན་གྲོང་ཁྱེར་གྱི་ཧྲི་ཀྲང་ཐུའུ་ཐི་ཏི་ལོས། ཨན་ཐཱ་ལེ་ཡཱ་གྲོང་ཁྱེར་གྱི་ཧྲི་ཀྲང་པའོ་ཆེ་ཁི་བཅས་བཀག་བསྐྱིལ་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ད་རུང་གོང་གི་ཧྲི་ཀྲང་དེ་གསུམ་གྱི་གཞུང་སྒྲུབ་ཁང་ལ་སྔོག་བཤེར་བྱས་ཟེར།

གོང་གི་ཧྲི་ཀྲང་དེ་གསུམ་ནི་ཐུར་ཁེའི་ཆེས་ཆེ་བའི་ངོ་རྒོལ་ཏང་སྤྱི་མཐུན་མི་དམངས་ཏང་ནས་ཡོང་བ་ཡིན་པ་དང་། ཁོ་ཚོས་གོང་གི་སྐྱོན་འཛུགས་དེ་དག་ཁས་ལེན་མ་བྱས་པར། དེ་ནི་ཆབ་སྲིད་ཀྱི་གཡོ་ཐབས་ཤིག་ཡིན་པར་བསམ་ཡོད་ཟེར།

གོང་གི་ཧྲི་ཀྲང་དེ་གསུམ་བཀག་བསྐྱིལ་བྱས་རྗེས། སྤྱི་མཐུན་མི་དམངས་ཏང་གི་ཀྲུའུ་ཞི་ཨིག་ཙེ་ཨར་གྱིས་ཏང་ཁག་དེའི་མགོ་ཁྲིད་རིམ་པའི་གྲོས་ཚོགས་བསྡུས་པ་དང་། དེའི་རྗེས་སུ་ད་ལོའི་ཟླ11པར་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་། རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུ། ཐུར་ཁེའི་སྐབས་རྗེས་མའི་འདེམ་བསྐོའི་བྱ་འགུལ་ཆེན་མོ་དེ2028ལོར་སྤེལ་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།