ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས6ཉིན་སྤེལ་བའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད24ནང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཉུང་མཐར་ཡང་མི80རྐྱེན་ལམ་དུ་ཤོར་བ་དང་། མི304ལ་རྨས་ཕོག་ཡོད་ཟེར།
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མི་སྣས་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ངོས་ཀྱི་ཅཱ་ཧྲ་མཁར་དང་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར། ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་སོགས་སུ་འཇབ་རྒོལ་བྱས་པ་དང་། ཅཱ་ཧྲ་མཁར་གཅིག་པུ་ནས་མི39རྐྱེན་ལམ་དུ་ཤོར་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ལ་དམིགས་པའལ་དམག་དོན་འགུལ་སྐྱོད་སྤེལ། འདས་པའི་ཉིན་གཅིག་གི་ནང་། དབྱི་སི་རལ་གྱི་མཁའ་དམག་དང་ས་ངོས་དམག་དཔུང་གིས་རོགས་རེས་འགུལ་སྐྱོད་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན130ཙམ་ལ་ཆམ་ཕབ་བཏང་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་ཉིན་དེར་ད་རུང་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཟླ6པའི་ཚེས30ཉིན་ཅཱ་ཧྲའི་བྱང་ངོས་ཀྱི་ཅཱ་ཧྲ་མཁར་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཚོ་དམག་གི་བཀོད་འདོམ་དཔོན་པོ་ལཱ་མུའུ་ཆི་སཱ་ལེ་ཧི་བསད་པ་དང་། ཧཱ་མཱ་སི་ཡི་དྲག་ཆས་མི་སྣ་མང་བོ་མཉམ་དུ་བསད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།