ཅཱ་ལེ་པུས་ཐུན་མོང་ཚོགས་པའི་སྲིད་གཞུང་གི་མགོ་གཙོའི་གྲོས་ཚོགས་ནས་ས་ཁུལ་གྱི་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་གནད་དུ་བཟུང་ཡོད།
2025.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅཱ་ལེ་པུས་ཐུན་མོང་ཚོགས་པའི་སྐབས་ཞེ་དགུ་བའི་སྲིད་གཞུང་གི་མགོ་གཙོའི་གྲོས་ཚོགས་ཚེས6ཉིན་ཡཱ་མེད་ཅཱ་བྱང་ངོས་ཀྱི་གྲུ་ཁའི་གྲོང་ཁྱེར་མིན་ཐི་ཀི་པེ་ནས་མགོ་བརྩམས། གྲོས་ཚོགས་ནས་ས་ཁུལ་གྱི་བདེ་འཇགས་དང་ནམ་ཟླའི་འགྱུར་ལྡོག ཕྱི་ཕྱོགས་ཉོ་ཚོང་། ཅཱ་ལེ་པུས་ཀྱི་སྣ་གཅིག་ཚོང་ར་དང་དཔལ་འབྱོར་སོགས་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་པ་དང་། སྔར་ལས་བདེ་འཇགས་དང་སྔར་ལས་དར་རྒྱས་ཀྱི་མདུན་ལྗོངས་ལྡན་པའི་ཅཱ་ལེ་པུས་ས་ཁུལ་ཞིག་མཉམ་དུ་གསར་བསྐྲུན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པར་འབད་འབུངས་བྱེད་རྒྱུ་རེད།

སྐབས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན3ཡིན་པ་དང་། བརྗོད་སྙིང་ནི་མི་དམངས་དང་གྲོགས་པོ། དར་རྒྱས་ཏེ་བདེ་འཇགས་དང་རྒྱུན་མཐུད་ཀྱི་མ་འོངས་པར་བསྐྱོད་དགོས་ཞེས་པ་དེ་རེད།

ཅཱ་ལེ་པུས་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི་གསར་བ། ཡཱ་མེད་ཅཱ་ཡི་ཙུང་ལི་ཧའོ་ཨར་ནེ་སི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། གྲོས་ཚོགས་ཀྱི་བརྗོད་སྙིང་ལས་ཅཱ་ལེ་པུས་ཐུན་མོང་ཚོགས་པའི་འཕེལ་རྒྱས་འདུ་ཤེས་གཙོ་བོ་མངོན་པར་མཚོན་ཡོད། བདེ་འཇགས་དང་བབ་བསྟུན་ནི་ཅཱ་ལེ་པུས་རྒྱལ་ཁབ་དག་གིས་དར་རྒྱས་མངོན་འགྱུར་བྱེད་པའི་རྨང་གཞི་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། རྩ་འཛུགས་ཡོད་པའི་ནག་ཉེས་དང་ཁྲིམས་འགལ་མཚོན་ཆའི་ལྐོག་འཚོང་ལ་ཆམ་ཕབ་གཏོང་བ་དང་། ཁྱད་པར་དུ་ཕྱི་རྒྱལ་གྱི་མཚོན་ཆ་ལྐོག་འདྲེན་བྱེད་པར་ཆམ་ཕབ་གཏོང་བར་ཤུགས་སྣོན་དགོས། དེ་ལས་གཞན་ཅཱ་ལེ་པུས་རྒྱལ་ཁབ་དག་གིས་དཔལ་འབྱོར་དང་ཉོ་ཚོང་གྲོགས་པོའི་དྲ་རྒྱ་རྒྱ་བསྐྱེད་ཅིང་། ཨ་ཧྥེ་རི་ཁ་གླིང་དང་ཨེ་ཤ་ཡཱ་གླིང་། ལཱ་ཏེན་མེ་གླིང་བཅས་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ས་ཁོངས་ནང་ཁུལ་གྱི་རོགས་ལས་ལ་ཤུགས་སྣོན་དགོས་ཟེར།

ཅཱ་ལེ་པུས་ཐུན་མོང་ཚོགས་པའི་ལས་འགན་བསྐྱུར་བའི་རེས་སྐོར་ཀྲུའུ་ཞི། པཱ་པཱ་ཏའོ་སིའི་ཙུང་ལི་མའོ་ཐི་ལེ་ཡིས་ཨ་མེ་རི་ཁའི་སྲིད་ཇུས་ལས་ཅཱ་ལེ་པུས་རྒྱལ་ཁབ་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པར་སྐྱོན་འཛུགས་བྱས་པ་དང་། བདེ་འཇགས་གྲོས་གཞིའི་ཐད་ནས་ཁོ་མོས་ནན་གྱིས་བསྟན་དོན། ཅཱ་ལེ་པུས་ས་ཁུལ་གྱིས་ཨ་མེ་རི་ཁའི་རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གཉིས་པ་ལས་བྱུང་བའི་མེ་མདའ་གང་འདོད་དུ་བཀོལ་བའི་གནད་དོན་ཐད་རིན་དོད་ཆེན་པོ་གཏོང་བཞིན་ཡོད་ལ། ཅཱ་ལེ་པུས་ས་ཁུལ་ཧྲིལ་བོ་ཚད་མི་འདྲ་བའི་བདེ་སྲུང་གནད་དོན་ལ་འཕྲད་ཡོད་པའི་ཉེན་བརྡ་བཏང་།

ཅཱ་ལེ་པུས་ཐུན་མོང་ཚོགས་པའི་དྲུང་ཡིག་ཆེན་མོ་པཱ་ནེ་ཐི་ཡིས་བསྟན་དོན། མིག་སྔར་ཅཱ་ལེ་པུས་ཐུན་མོང་ཚོགས་པས་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་ལེགས་སྒྲིག ཕྱི་འབྲེལ་མཐུན་སྦྱོར་སོགས་ཀྱི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ཀྱང་། ཅཱ་ལེ་པུས་ཀྱི་སྣ་གཅིག་ཚོང་ར་དང་དཔལ་འབྱོར་ཚོགས་པའི་འཛུགས་སྐྲུན་དེ་སྔོན་དཔག་གི་དམིགས་འབེན་དུ་བསླེབས་མེད་པས། ཁོ་མོས་ཁོངས་གཏོགས་རྒྱལ་ཁབ་དག་གིས་ས་ཁོངས་གཞི་གཅིག་ཅན་གྱི་དམ་བཅའ་བསྐྱར་སྒྲོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཅཱ་ལེ་པུས་ཐུན་མོང་ཚོགས་པ་དེ1973ལོར་བཙུགས་པ་དང་། ད་ལྟ་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ15ཡོད་ལ། རྩ་འཛུགས་དེས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་ཕྱི་འབྲེལ་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་མི་གཞུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་གཙོར་བཟུང་སྟེ། ས་ཁུལ་གྱི་གཞི་གཅིག་ཅན་དང་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།